《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年04月12日

གནས་སྤོས་ཁྱིམ་གཞིས་མཛེས། འཚོ་བ་འབྱོར་ཕྱུག་ལྡན།

—— ཡར་ཀླུང་གཙང་འགྲམ་གྱི་འབྱོར་འབྲིང་གྲོང་ཚོའི་མཐོང་ཐོས།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཧོང་ཧོ་དང་། ཝུའུ་རུའེ། ཁྲེན་ཧྲང་ཚའེ།

● “ང་ཚོས་ཡུལ་སྐོར་ཀུང་སི་དང་གན་རྒྱ་བཞག་སྟེ་རིག་གནས་ཐང་ཆེན་བརྒྱབ་པ་དང་དམངས་སྲོལ་ཉམས་ལེན་བྱེད་སྒོ་སྤེལ་བ་ཡིན། ཉམས་ལེན་སྤེལ་མཁན་དུད་ཚང་14ལ་ཟླ་རེར་ཡོང་འབབ་སྒོར་3500ཡོད་པ་དང་། དེ་མིན་གྱི་ཁྱིམ་ཚང་ལ་ཟླ་རེར་ཡོང་འབབ་སྒོར་3000ཡོད། རིག་གནས་ཐང་ཆེན་གྱི་ཁྲོམ་བཀྱག་རེར་ཉིན་རེར་ཡོང་འབབ་སྒོར་100ནས་300བར་ཡོང་གི་ཡོད”ཅེས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་འབྲུག་གྲགས་ཀྱིས་དེ་ལྟར་བཤད།

● 2019ལོར་སྨན་གླིང་རྫོང་གིས་དབུལ་སྒྲོལ་སྲ་བརྟན་དུ་གཏོང་བའི་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་བ་དང་ཁུལ་ཡོངས་ཡུལ་སྐོར་དང་དེང་རབས་སོས་དལ་ཞིང་ལས་སོགས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ་མ་ཟད། དབུལ་སྒྲོལ་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་ཡོད། 2019ལོའི་ལོ་མཇུག་བར་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར་ཁྲི་1.98ཟིན་པ་དང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར་7843.63ཟིན་གྱི་ཡོད་པ་དེ་དུས་མཚུངས་དང་བསྡུར་ན་13.49%དང་57.75%སོ་སོར་འཕར་ཡོད།

● བོད་ཤོག་བཟོས་ནས་ལོ་20ཙམ་སོང་བའི་སྟོབས་ལྡན་ལོ་མང་གོང་ཤེལ་དཀར་མོན་པ་གྲོང་ཚོར་མག་པར་ཡོང་། ཁོང་གི་སྣེ་ཁྲིད་འོག་གྲོང་ཚོར་བོད་ཤོག་བཟོས་རྫས་ཀྱི་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་བོད་ཤོག་དང་བོད་སྤོས་ཐོན་སྐྱེད་དང་ཡུལ་སྐོར་ལྟ་སྐོར་མྱོང་རོལ་གཞི་གཅིག་ཏུ་བསྡུས་པའི་རྣམ་གྲངས་འཕེལ་རྒྱས་བཏང་སྟེ་གྲོང་མི་30ལ་སྒོ་རྩར་ལས་ཞུགས་བརྟན་པོ་བྱུང་ཡོད།

དཔྱིད་དུས་ཀྱི་ཡར་ཀླུང་གཙང་པོའི་རོང་ཁུལ་དུ་ཁམ་བུའི་མེ་ཏོག་ཁྲ་ཆིལ་ལེར་བཞད་ཅིང་རྒྱ་ལྕང་ཡལ་འདབ་ལྷུག་པོར་གྲོལ་ཏེ་གང་སར་སྐྱེ་སྟོབས་ཀྱི་དཔལ་འབར།

ལོ་35ལ་སླེབས་པའི་གྲོང་མི་ཚེ་དབང་ཕུན་ཚོགས་ཀྱིས་འདོན་འཇུག་འཕྲུལ་འཁོར་བོགས་མར་བཏང་བར་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་15འདུག ད་དུང་སྲིད་ཇུས་རང་བཞིན་གྱི་ཁ་གསབ་དང་ཡུལ་སྐོར་གྱི་ཡོང་འབབ་སྒོར་ཁྲི་5ལྷག་ཙམ་ཡོད་པས་ན་ནིང་ང་རང་གི་ཁྱིམ་ལ་ཡོང་འབབ་སྒོར་ཁྲི་20ལྷག་ཙམ་བྱུང་། མེ་ཏོག་ཏུ་འཚོ་བ་སྐྱེལ་སྐབས་དང་བསྡུར་ན་ལྡབ་མང་པོས་ཡག་པ་འདུག་ཅེས་གསར་འགོད་པར་ཡོང་འབབ་སྐོར་གླེང་།

ཚེ་དབང་ཕུན་ཚོགས་ནི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཆབ་ནག་ཤང་ཤེལ་དཀར་མོན་པ་གྲོང་ཚོ་ནས་རེད། དེ་སྔོན་འཚོ་གནས་ཁོར་ཡུག་ཞན་པའི་རྐྱེན་གྱིས་2003ལོའི་ཟླ་6པར་མེ་ཏོག་རྫོང་དགའ་ལྡན་ཤང་གི་དུད་ཚང་40ཡི་མི་140ལྷག་ཙམ་དེ་གར་སྤོས། ལོ་མང་གི་འཕེལ་རྒྱས་བརྒྱུད་ད་ཆ་དེ་གར་གང་སར་སྐད་གྲགས་ཆོད་པའི་འབྱོར་འབྲིང་གྲོང་ཚོར་གྱུར།

གྲོང་མི་ཀུན་བཟང་གི་ཁྱིམ་དུ་བསྐྱོད་སྐབས། སྨི་ངོས་གྲུ་200ལྷག་ཙམ་གྱི་ཐོག་རྩེག་ཁང་ཆུང་དེ་ནི་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་ཞིང་དེང་རབས་ཀྱི་འཛིན་ཆས་ཡོངས་སུ་ཚང་བ་ཞིག་རེད་འདུག ཡུལ་སྐོར་བ་མང་བའི་དུས་སུ་ཉིན་ལྟར་མོན་པ་རིགས་ཀྱི་གོམས་སྲོལ་རིག་གནས་ཉམས་ལེན་བྱེད་མཁན་འགྲུལ་པ་མང་པོ་ཡོང་གི་ཡོད།

“ང་ཚོས་ཡུལ་སྐོར་ཀུང་སི་དང་གན་རྒྱ་བཞག་སྟེ་རིག་གནས་ཐང་ཆེན་བརྒྱབ་པ་དང་དམངས་སྲོལ་ཉམས་ལེན་བྱེད་སྒོ་སྤེལ་བ་ཡིན། ཉམས་ལེན་སྤེལ་མཁན་དུད་ཚང་14ལ་ཟླ་རེར་ཡོང་འབབ་སྒོར་3500ཡོད་པ་དང་། དེ་མིན་གྱི་ཁྱིམ་ཚང་ལ་ཟླ་རེར་ཡོང་འབབ་སྒོར་3000ཡོད། རིག་གནས་ཐང་ཆེན་གྱི་ཁྲོམ་བཀྱག་རེར་ཉིན་རེར་ཡོང་འབབ་སྒོར་100ནས་300བར་ཡོང་གི་ཡོད”ཅེས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་འབྲུག་གྲགས་ཀྱིས་དེ་ལྟར་བཤད།

ཤེལ་དཀར་མོན་པ་གྲོང་ཚོ་ནི་རྒྱལ་ལམ་219ཡི་འགྲམ་དུ་གནས་པ་དང་། ཡར་ཀླུང་གཙང་པོའི་རོང་ཆེན་གྱི་མཛེས་ལྗོངས་ཁུལ་དུ་སྐྱོད་སྐབས་དེ་བརྒྱུད་དགོས་པས། གྲོང་མི་མི་ཉུང་བ་ཞིག་ལ་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་གསོག་པའི་གོ་སྐབས་རག་ཡོད།

མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་ཆེད། གྲོང་ཚོས་ཀུང་སི་དང་། ཀྲི་པུའུ། མང་ཚོགས་བཅས་ཟུང་འབྲེལ་གྱི་ཐབས་ཤེས་སྤྱད་ནས་ས་ཞིང་མུའུ་1200ཉིང་ཁྲི་དབྱིང་ཧྥུང་ཞིང་འབྲོག་ཚན་རྩལ་ཚད་ཡོད་ཀུང་སིར་བརྒྱུད་བཤུག་བཏང་བ་དང་། གྲོང་ཚོ་མཉམ་སྡེབ་ལ་འབབ་འཕར་སྒོར་ཁྲི་19དང་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་72ཡོང་གི་ཡོད། དེ་དང་ཆབས་ཅིག གྲོང་ཚོས་ཤིང་ཏོག་ཁྲེ་ལི་ཙེ་སྡོང་པོ་2000ལྷག་ཙམ་ནང་འདྲེན་བྱས་ནས་བཏབ་པ་དང་། སྔོན་དཔག་བྱས་ན། 2020ལོར་ཐོན་འབབ་རྒྱ་མ་6000ཟིན་གྱི་ཡོད་པས་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་30ཡོང་རེ་ཡོད་པ་རེད།

2018ལོའི་ལོ་མཇུག་ཏུ། བོད་ཀྱི་རྫོང(ཆུས)དབུལ་པོ་25ཡིས་དཔྱད་ཞིབ་དང་ཞིབ་བཤེར་རྩིས་ལེན་ལས་དོན་ལེགས་གྲུབ་ཟིན་ནས་དབུལ་པོའི་གནས་ལས་གྲོལ་བའི་ཁྱབ་བསྒྲགས་བྱས། དེའི་ནང་སྨན་གླིང་རྫོང་ཚུད་ཡོད་པ་དང་ཀུན་བཟང་གི་ཁྱིམ་ཚུད་པའི་གྲོང་མི་དབུལ་པོ་29ལོ་དེའི་ནང་ཚང་མ་དབུལ་སྒྲོལ་ཐུབ། 2019ལོར་གྲོང་ཚོ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར་ཁྲི་3ལྷག་ཙམ་ཟིན་གྱི་ཡོད།

གྲོང་མི་པད་མ་རྟ་མགྲིན་ནི་དེ་སྔོན་དུད་ཚང་དབུལ་པོ་ཞིག་ཡིན་པ་དང་ཐོག་མར་དེར་གནས་སྤོས་བྱེད་སྐབས་རང་ཉིད་ལ་བརྟེན་ནས་འཚོ་བ་ཡག་ཏུ་གཏོང་རྒྱུའི་བསམ་བློ་མེད། “ང་ཚོ་གནས་སྤོས་དུད་ཚང་ཡིན་པས་སྲིད་གཞུང་གིས་ང་ཚོར་རོགས་རམ་བྱེད་ཀྱི་རེད”སྙམ་གྱི་ཡོད། “ཕྱིས་སུ་མི་གཞན་གྱིས་སྐྱེལ་འདྲེན་དང་ཡུལ་སྐོར་གྱི་ལས་ཀ་བྱེད་པ་མཐོང་སྐབས་ང་རང་ཡང་ལས་ཀ་བྱ་རྒྱུའི་སེམས་ཤུགས་འཕེལ་སོང”ཅེས་ཁོང་གིས་ཕྱིར་དྲན་བྱེད་བཞིན་བཤད། ད་ཆ་པད་མ་རྟ་མགྲིན་ཐོག་སོ་ཉིས་ལྡན་གྱི་སྡོད་ཁང་གསར་པར་སྤོས་པ་དང་ཁྱིམ་ཚང་མགྲོན་ཁང་བཙུགས་པ་དང་། འདོན་འཇུག་འཕྲུལ་འཁོར་དང་རྐོ་འདྲུའི་འཕྲུལ་འཁོར་སོགས་གཞན་ལ་འགན་གཙང་སྤྲད་པས་ལོར་ཡོང་འབབ་སྒོར་ཁྲི་20ལྷག་ཙམ་རག་གི་ཡོད།

“འཚོ་བ་སྐྱིད་པོ་ཞིག་སྐྱེལ་འདོད་མིན་རང་ཉིད་ལ་རག་ལུས་ཡོད། ད་ཆ་གྲོང་མི་ཚོའི་འཕེལ་རྒྱས་ཀྱི་སེམས་ཤུགས་རབ་ཏུ་འཕེལ་ནས་ཕྱུག་འགྱུར་ལམ་བུ་ཧུར་ཐག་འཚོལ་བཞིན་ཡོད”ཅེས་འབྲུག་གྲགས་ཀྱིས་བཤད།

གནད་སྨིན་དབུལ་སྐྱོར་དང་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱེད་པ་སོགས་ཀྱི་སྲིད་ཇུས་ཀྱི་ཕན་པ་ཐོབ་ནས་གྲོང་ཚོ་ཡོངས་ཀྱི་མང་ཚོགས་ཀྱིས་སྡོད་ཁང་ཉམས་བཟོ་དང་འཛུགས་སྐྲུན་བྱས་ཏེ་རང་ཁྱིམ་དུ་ཀ་ལ་ཁྲིད་པ་དང་མི་ཕྱུགས་ལོགས་སུ་སྡོད་པ་སོགས་མངོན་འགྱུར་བྱུང་ནས་གྲོང་ཚོའི་རྣམ་པ་གསར་རྐྱང་དུ་གྱུར་ཡོད། “ཁོར་ཡུག་མཛེས་ཤིང་འཚོ་བ་སྐྱིད་པོ་སྐྱེལ་རྒྱུ་བྱུང་བས་ང་ཚོས་འབྱུང་འགྱུར་ལ་ཡིད་ཆེས་ཀྱིས་ཁེངས་སོང”ཞེས་ཚེ་དབང་ཕུན་ཚོཌ་ཀྱིས་བཤད།

2019ལོར་སྨན་གླིང་རྫོང་གིས་དབུལ་སྒྲོལ་སྲ་བརྟན་དུ་གཏོང་བའི་ལས་དོན་ལ་མུ་མཐུད་སྐུལ་འདེད་དང་ཁུལ་ཡོངས་ཡུལ་སྐོར་དང་དེང་རབས་སོས་དལ་ཞིང་ལས་སོགས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ་མ་ཟད། དབུལ་སྒྲོལ་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་ཡོད་པ་རེད། 2019ལོའི་ལོ་མཇུག་བར་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར་ཁྲི་1.98ཟིན་པ་དང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར་7843.63ཟིན་གྱི་ཡོད་པ་དེ་དུས་མཚུངས་དང་བསྡུར་ན་13.49%དང་57.75%སོ་སོ་འཕར་ཡོད་པ་རེད།

བོད་རིགས་དང་། ལྷོ་པ་རིགས། མོན་པ་རིགས་སོགས་མཉམ་དུ་འཚོ་སྡོད་བྱེད་པའི་འབྱོར་འབྲིང་གྲོང་ཚོ་དེར་མི་རིགས་ཁག་གི་མང་ཚོགས་རྣམས་མཐུན་སྒྲིལ་རོགས་རེས་དང་ཕན་ཚུན་ལྟ་སྐྱོང་བྱེད་པ་དེ་གྲོང་མི་ཚང་མའི་ཐུན་མོང་གི་ངོས་འཛིན་དུ་གྱུར།

བོད་ཤོག་བཟོས་ནས་ལོ་20ཙམ་སོང་བའི་སྟོབས་ལྡན་ལོ་མང་གོང་ཤེལ་དཀར་མོན་པ་གྲོང་ཚོར་མག་པར་ཡོང་། ཁོང་གི་སྣེ་ཁྲིད་འོག་གྲོང་ཚོར་བོད་ཤོག་བཟོས་རྫས་ཀྱི་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་བོད་ཤོག་དང་བོད་སྤོས་ཐོན་སྐྱེད་དང་ཡུལ་སྐོར་གྱི་ལྟ་སྐོར་མྱོང་རོལ་གཞི་གཅིག་ཏུ་བསྡུས་པའི་རྣམ་གྲངས་འཕེལ་རྒྱས་བཏང་སྟེ་གྲོང་མི་30ལ་སྒོ་རྩར་ལས་ཞུགས་བརྟན་པོ་བྱུང་ཡོད།

“མཐུན་སྒྲིལ་མེད་ན་གང་ཡང་བྱེད་མི་ཐུབ། མཐུན་སྒྲིལ་བྱས་ན་མཉམ་ཤུགས་ལྡན”འབྲུག་གྲགས་ཀྱིས་མང་ཚོགས་ལ་ས་ཞིང་བརྒྱུད་བཤུག་བྱེད་པ་དང་སྒོ་རའི་དཔལ་འབྱོར་དང་རིག་གནས་ཡུལ་སྐོར་འཕེལ་རྒྱས་གཏོང་བར་སྐུལ་སློང་བྱེད་སྐབས་གྲོང་མི་ཚོས་གཞོགས་འདེགས་ཧུར་ཐག་བྱེད་པ་དང་ཕན་ཚུན་རོགས་རམ་བྱེད་ཀྱི་འདུག་ཅེས་ངོ་སྤྲོད་བྱས།

བོད་རིགས་བུ་མོ་སྒྲོལ་མ་དེ་སྔོན་ཉིང་ཁྲིར་གླ་པ་རྒྱུག་སྐབས་གཤིས་འཇམ་གཞུང་དྲང་གི་མོན་པའི་ཕོ་གཞོན་ཀུན་བཟང་ངོ་ཤེས་པ་དང་ཤེལ་དཀར་མོན་པ་གྲོང་ཚོར་མནའ་མར་ཡོང་། གྲོང་མི་ཚོས་ཁོང་གཉིས་ལ་རྟེན་འབྲེལ་ཞུས་པ་དང་སྡོད་ཁང་གསར་པ་བསྐྲུན་སྐབས་ཚང་མས་རོགས་རམ་བྱས་པ་མ་ཟད། གྲོང་མི་ཚོས་སྒྲོལ་མ་ཤ་མོ་དང་སྨན་རྩྭ་སོགས་མཉམ་དུ་འཐུ་བར་ཁྲིད། “ང་ཚོ་བུད་མེད་ཚོས་མཉམ་དུ་དབྱར་རྩྭ་དགུན་འབུ་དང་ཤ་མོ་འཐུ་བ་མ་ཟད། ཚང་མས་ཕན་ཚུན་ཡུལ་ཟོག་ཐོན་རྫས་འཚོང་རོགས་བྱེད་ཀྱི་ཡོད། ཡུལ་མི་ཕན་ཚུན་རོགས་རམ་བྱས་ནས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བ་བྱེད་ཀྱི་ཡོད”ཅེས་གྲོང་མི་པད་མ་ཚེ་སྐྱིད་ཀྱིས་དེ་ལྟར་བཤད།

ཤེལ་དཀར་མོན་པ་གྲོང་ཚོའི་ཞིང་འབྲོག་མང་ཚོགས་ཚོས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་ཡར་ཀླུང་གཙང་འགྲམ་དུ་གཞིས་ཚུགས་ཏེ་གནས་སྤོས་མང་ཚོགས་ནས་ཕྱུག་པོར་གྱུར་པའི་གཏམ་བཟང་ཡང་ཡང་གྲགས་པར་བྱས།

(བསྟན་བློ་དང་བསོད་བདེ་གཞོན་པས་སྒྱུར་ཞུས་བྱས)