《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年04月12日

ཡུལ་དུས་བརྒལ་བའི་ཀྲུང་གོ་དང་དབྱི་ཐ་ལིའི་ སྨན་དོན་མི་སྣའི་བརྩེ་སེམས།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཅི་ལི་ཡིས།

“དམིགས་བསལ་གྱི་དུས་འདི་ལྟ་བུར་ང་ཚོའི་གྲོགས་པོས་ང་ཚོ་དང་དཔུང་པ་མཉམ་གཤིབ་བྱས་པས་ཁྱེད་ཚོས་ང་ཚོ་བརྗེད་མི་འདུག”ཅེས་ཉེ་ཆར་ཏོག་གསར་གློ་ཚད་རིམས་ནད་འགོག་རྒོལ་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་དབྱི་ཐ་ལིའི་སྨན་པ་ཁ་ལུའོ་ལ·མཱ་ཏི་ནུའོ་ཡིས་ཀྲུང་གོའི་སྨན་བཅོས་རུ་ཁག་དབྱི་ཐ་ལིར་འགོག་སྲུང་དངོས་ཟོག་འབོར་ཆེན་འཁྱེར་ནས་རོགས་སྐྱོར་བྱེད་པར་ཡོང་རྒྱུ་ཡིན་པ་ཤེས་སྐབས། སེམས་འགུལ་ཚད་མེད་ཐེབས་བཞིན་བཤད།

དབྱི་ཐ་ལིར་རིམས་ནད་ཐོན་ཚུན། ཉིན་ལྟར་གཏན་འཁེལ་བྱུང་བའི་ནད་དཔེ་དང་གྲོངས་པའི་མི་གྲངས་རྒྱུན་ཆད་མེད་པར་འཕར་བཞིན་ཡོད་པས་སྨན་བཅོས་ཁོངས་གཏོགས་ལ་ཐེག་ཚད་ལས་བརྒལ་བའི་གནོན་ཤུགས་འཕྲད་ཡོད་ལ་འགོག་སྲུང་དངོས་ཟོག་ཀྱང་ཧ་ཅང་དཀོན་པར་བརྟེན་སྨན་དོན་མི་སྣས་ནད་པ་སྐྱོབ་ཆེད་གཤིན་རྗེ་དང་འགྲན་བཞིན་ཡོད། པི་ས་སློབ་ཆེན་སྨན་ཁང་གི་དོས་དྲག་ཚན་ཁག་གི་སྨན་པ་མཱ་ཏི་ནུའོ་ཡི་ལས་ཀའི་དཀའ་ཚེགས་བསམ་བློ་བཏང་བ་ཙམ་གྱིས་ཤེས་ཐུབ།

འོན་ཀྱང་ཁོང་གིས་ང་ཚོ་ཀྲུང་གོའི་གསར་འགོད་པ་ཡིན་པ་ཤེས་རྗེས། འཕྲལ་དུ་བཅར་འདྲི་དང་ལེན་བྱ་རྒྱུའི་ཁས་བླངས་བྱུང་། “ཉིན་འདི་དག་ནང་ངས་བརྙན་ཐུང་ཞིག་བཟོ་གང་ཐུབ་བྱ་རྒྱུ་ཡིན། གང་ལགས་ཞེ་ན་ངས་ཀྲུང་གོས་བྱས་པའི་ལས་ཀ་མཐའ་དག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ་གྲོགས་པོ་ཀྲུང་གོ་བ་ནམ་ཡང་སེམས་ནང་འཇོག་རྒྱུ་ཡིན”

མཱ་ཏི་ནུའོ་ཡིས་ཀྲུང་གོར་བཅངས་པའི་བརྩེ་སེམས་དེ་2008ལོའི་དབུན་ཁྲོན་ས་ཡོམ་དྲག་པོ་ནས་བརྗོད་ཆོག དབུན་ཁྲོན་དུ་ས་ཡོམ་དྲག་པོ་བརྒྱབ་པའི་གཟའ་འཁོར་གཅིག་ནང་དབྱི་ཐ་ལིས་སྨན་བཅོས་རུ་ཁག་སི་ཁྲོན་མན་ཀྲུའུ་རུ་བཏང་བ་དང་འབྲེལ་ཤའོ་ཏེ་གྲོང་རྡལ་དུ་འགྱིག་གུར་5ལས་གྲུབ་པའི་སྟབས་བདེའི་སྨན་ཁང་ཞིག་བསྐྲུན་པ་རེད། མཱ་ཏི་ནུའོ་ནི་དེ་སྔ་རོགས་སྐྱོར་བྱེད་པར་ཡོང་བའི་དབྱི་ཐ་ལིའི་སྨན་དོན་མི་སྣའི་རུ་སྣེ་ཁྲིད་མཁན་རེད།

ཏུའུ་ལིང་དུ་སློབ་གྲྭ་འགྲིམ་བཞིན་པའི་སི་ཁྲོན་གྱི་བུ་མོ་ཝང་ཧའོ་ཧའོ་ནི་དབུན་ཁྲོན་ས་ཡོམ་བརྒྱུད་མྱོང་མཁན་ཞིག་ཡིན་པ་དང་ཁོང་གིས་གསར་འགོད་པར“དབྱི་ཐ་ལིའི་སྨན་པས་ནད་པར་སྨན་བཅོས་བྱེད་པ་མ་ཟད། ད་དུང་སེམས་གསོ་ཡང་གཏོང་གི་ཡོད། ཁོང་ཚོས་དབྱི་ཐ་ལི་ནས་འཁྱེར་ཡོང་བའི་བྱི་རིལ་དང་ཅོག་ལེ་རྨས་སྐྱོན་ཕོག་པའི་གྲོགས་པོ་ཆུང་ཆུང་ཚོར་སྤྲད་དེ་ཁོང་ཚོ་དང་མཉམ་དུ་དྲུག་གཅིག་བྱིས་པའི་དུས་ཆེན་ཡང་བཏང་སོང་”ཞེས་བཤད།

དབྱི་ཐ་ལིར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་རིགས་གཅིག་མཁས་ཅན་ཚོགས་ཆུང་ཁག་དང་པོའི་རུ་སྣེ་ཁྲིད་མཁན་ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་ཚོགས་གཙོ་གཞོན་པ་སུན་ཧྲུའོ་ཕུང་གིས་རོ་མར་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། “ང་ཚོ་ནི་དྲིན་ཚོར་གྱི་བསམ་པ་འཁྱེར་ནས་རོགས་སྐྱོར་བྱེད་པར་ཡོང་བ་ཡིན། སྐབས་དེ་དུས་སྟབས་བདེའི་སྨན་ཁང་གིས་མན་ཀྲུའུ་ཡི་མི་དམངས་དང་སི་ཁྲོན་མི་དམངས་ལ་བག་ཆགས་ཧ་ཅང་བཟང་པོ་བཞག་ཅིང་། མྱུར་སྐྱོབ་སྨན་པ་14ཡིས་མི་900ལྷག་ཙམ་ལ་སྐྱོབ་བཅོས་བྱས་ཡོད། ད་དུང་ཁོང་ཚོ་འགྲོ་ཁར་སྨན་ཁང་དེ་སི་ཁྲོན་དང་ཀྲུང་གོར་བཞག་ཡོད”ཅེས་སྦ་གསང་མེད་པར་བཤད།

འཁྱུག་ཙམ་ཞིག་ལ་ལོ་12ཕྱིན་པ་དང་རིམས་ནད་དེས་ཀྲུང་དབྱི་རྒྱལ་ཁབ་གཉིས་དབར་དཀའ་ངལ་འཕྲད་སྐབས་སླར་ཡང་ལག་གདང་སྦྲེལ་ཡོད།

ཀྲུང་གོའི་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་ཁག་མང་པོ་དང་རོགས་སྐྱོར་དངོས་ཟོག་འབོར་ཆེན་རིམ་གྱིས་དབྱི་ཐ་ལིར་འབྱོར་ནས་ཁོང་ཚོར་རེ་བ་ཆེན་པོ་སྦྱིན་ཡོད།

གསར་འགོད་པའི་སི་ཁྲོན་གྱི་ལས་རོགས་ས་ནས་གཏམ་བཟང་ཞིག་ཐོས་པ་སྟེ། མན་ཀྲུའུ་མི་དམངས་ཀྱིས་ཁ་རས་ཁྲི་ཡན་གྲབས་གསོག་བྱས་ཏེ་སྐབས་དེ་དུས་ས་ཡོམ་གེགས་ཁུལ་ལ་རོགས་སྐྱོར་བྱེད་མཁན་དབྱི་ཐ་ལིའི་སྨན་པའི་ལག་ཏུ་གང་མགྱོགས་འབྱོར་རྒྱུའི་རེ་བ་བྱེད་ཀྱི་ཡོད། གསར་འགོད་པས་གཏམ་བཟང་དེ་མཱ་ཏི་ནུའོ་ལ་བརྗོད་སྐབས། ཁོང་གིས་དེ་དག་ཚང་མར་དྲིན་ཚོར་ཆེན་པོ་བྱེད་ཀྱི་ཡོད།

“ས་བོན་ཞིག་སེམས་ནུས་ཡོད་རྒུས་གསོ་སྤེལ་བྱས་ཚེ་འབྲས་བུ་ཐོགས་ངེས་ཡིན་པས་དེ་ནི་རླབས་ཆེན་གྱི་བརྩེ་སེམས་ཤིག་རེད་ལ་དེས་ང་ཚོ་ཕན་ཚུན་གཅིག་ཏུ་སྦྲེལ་ནས་མཁོ་བའི་དུས་སུ་ཕངས་སེམས་མེད་པར་རོགས་སྐྱོར་བྱེད་སྲིད”ཅེས་སེམས་འགུལ་ཚད་མེད་ཐེབས་བཞིན་བཤད།

བཅར་འདྲི་མཇུག་སྒྲིལ་གྲབས་ཡོད་པའི་སྐབས་སུ་མཱ་ཏི་ནུའོ་ཡིས་གནའ་བོའི་རོ་མའི་མཚན་ཉིད་རིག་པ་མཁས་ཅན་སའེ་ཉེ་ཁ་ཡི་ལེགས་བཤད་གྲགས་ཅན“ང་ཚོ་ནི་རྒྱ་མཚོ་གཅིག་གི་རྦ་རླབས་དང་། ལྗོན་ཤིང་གཅིག་གི་ཡལ་ག ལྡུམ་ར་གཅིག་གི་མེ་ཏོག་ཡིན”ཞེས་པ་དེ་དྲངས་ནས་བཤད།