《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年04月12日

ཀྲུང་གོའི་རིགས་གཅིག་མཁས་ཅན་ལྷག་བསམ་དག་པོས་ང་ཚོ་དང་མཉམ་དུ་གནས་ཡོད།

—— ལོ་སིའི་དམངས་ཚོགས་ཀྱིས་ཀྲུང་གོའི་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་ལ་བསྔགས་བརྗོད་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲང་ཅན་ཧྭ་དང་ཧོ་ཝེ་ཡིས།

“ཀྲུང་གོའི་རིགས་གཅིག་མཁས་ཅན་གྱིས་རྒྱལ་ནང་གི་ནད་པར་སྨན་བཅོས་བྱས་ནས་དྲག་སྐྱེད་བྱུང་མ་ཐག་ལོ་སིར་ཡོང་ཡོད། ང་དང་ལས་རོགས་རྣམས་ཀྱིས་ཉིན་ལྟར་ཁོང་ཚོས་འཕྲོད་བསྟེན་པུའུ་དང་དམིགས་བཙུགས་150སྨན་ཁང་དུ་ཕར་འགྲོ་ཚུར་འོང་ངང་སྨན་བཅོས་ལས་ལ་བྲེལ་ནས་ངལ་གསོ་བའི་ཁོམ་པ་མེད་པ་མཐོང་སྐབས་སེམས་ནང་བཟོད་དཀའ་བའི་ཤ་ཚ་ཞིག་སྐྱེ་ཡི་འདུག” “ཀྲུང་གོའི་རིགས་གཅིག་མཁས་ཅན་ལྷག་བསམ་དག་པོས་ང་ཚོ་དང་མཉམ་དུ་གནས་ཡོད”ཅེས་ལོ་སིའི་སྨན་པ་ཆན་ཏ་ལིས་ཚེས་5ཉིན་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བརྗོད་པ་རེད།

རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཧྲི་ཐུང་ཁྲོན་གྱིས་གསར་འགོད་པར་བརྗོད་དོན། ལོ་སིར་ཡོད་པའི་ངའི་གྲོགས་པོ་རྣམས་ཀྱིས་ང་ལ་གཅིག་རྗེས་གཉིས་མཐུད་ངང་འཕྲིན་ཐུང་བསྐུར་ནས་ཀྲུང་གོའི་རིགས་གཅིག་མཁས་ཅན་གྱིས་དཀའ་ངལ་འཕྲད་དུས་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ་ཡི་འདུག གྲོགས་པོ་ཚོས་རིགས་གཅིག་མཁས་ཅན་ཚོགས་ཆུང་འབྱོར་བས་ལོ་སིའི་མི་དམངས་ཀྱི་སེམས་རྣལ་དུ་ཕབ་པ་དང་། ལོ་སིའི་མི་དམངས་ཀྱི་རིམས་འགོག་གི་གདེང་ཚོད་སྔར་བས་ཆེ་རུ་ཕྱིན་ཡོད་ཅེས་ཤོད་ཀྱི་འདུག

ཚེས་5ཉིན་ལོ་སིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཅང་ཙའེ་ཏུང་གིས། དཀའ་ངལ་འཕྲད་སྐབས་བརྩེ་སེམས་མངོན་ཞེས་པ་ལྟར། ཀྲུང་གོས་ཛ་དྲག་གི་རིམས་འགོག་འཐབ་རྩོད་བྱེད་རིང་ལོ་སིས་ཨ་སྒོར་ཁྲི་70དང་རིམས་འགོག་དངོས་ཟོག་ཁག་མང་པོ་ཞལ་འདེབས་བརྒྱབ་པ་མ་ཟད། དུས་ཐུང་ཉིན་བཅུ་ལྷག་ཙམ་རིང་ཀྲུང་གོ་ཕྱོགས་ཀྱི་གྲོས་འགོ་དང་ལེན་ཧུར་ཐག་བྱས་པ་དང་། ནུས་ཤུགས་ཡོད་རྒུས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཕྱི་འབྲེལ་པུའུ་ཀྲང་གི་དམིགས་བསལ་ཚོགས་འདུ་དང་དེ་བཞིན་རྫ་ཆུ་དང་མའེ་ཀུང་གཙང་པོའི་མཉམ་ལས་ཀྱི་ཕྱི་འབྲེལ་པུའུ་ཀྲང་གི་ཚོགས་འདུའི་གྲ་སྒྲིག་བྱས་པ་དང་འབྲེལ་བདེ་བླག་ངང་འཚོགས་པ་དང་། ས་ཁུལ་དང་རྒྱལ་ཁབ་ལག་གདང་སྦྲེལ་ནས་རིམས་འགོག་བྱ་རྒྱུའི་འབོད་སྐུལ་ཆེ་ཤོས་བྱས་ཡོད། “ང་ཚོའི་རིམས་འགོག་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ལོ་སིའི་ལས་རིགས་གཅིག་པ་རྣམས་དང་ཀྲུང་གོའི་ཉམས་མྱོང་སྦ་གསང་གང་ཡང་མེད་པར་མཉམ་སྤྱོད་བྱས་ཏེ་ལོ་སི་ཕྱོགས་ལ་གཞོགས་འདེགས་བྱས་ནས་ལོ་སིའི་དོན་དངོས་དང་འཚམ་པའི་ཆེད་ལས་ཀྱི་ཇུས་གཞི་གྲུབ་རྒྱུར་གཞོལ་ཏེ་ལོ་སི་ཕྱོགས་ཀྱི་རིམས་འགོག་འཐབ་རྩོད་དང་ཀྲུང་ལོའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བཞིན་ཡོད”ཅེས་གསར་འགོད་པར་བརྗོད།

“ང་ཚོས་ལས་འགན་ལྕི་པོ་ཡིན་པ་གསལ་པོ་ཤེས་ཀྱི་ཡོད། མུ་མཐུད་རིམས་འགོག་གི་འཐབ་ས་དང་པོར་བསྐྱོད་པ་དང་ལོ་སིའི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་གྱིས་ཀྲུང་གོའི་ཉམས་མྱོང་དང་ལོ་སིའི་དོན་དངོས་ཟུང་འབྲེལ་ནུས་ལྡན་བྱས་ཏེ་ལོ་སིས་ཏོག་གསར་གློ་ཚད་རིམས་ནད་འགོག་རྒོལ་བྱེད་པ་དང་ཀྲུང་ལོའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་ཆེད་ལེགས་སྐྱེས་འབུལ་རྒྱུ་ཡིན”ཞེས་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་རིགས་གཅིག་མཁས་ཅན་ལིའུ་ཞའོ་ཆང་གིས་བཤད།

“ང་ཚོ་ཚང་མས་ནད་ཁང་དུ་ཉེན་ཁ་ཆེན་པོ་ཡོད་པ་ཤེས་ཀྱི་ཡོད། ཀྲུང་གོའི་རིགས་གཅིག་མཁས་ཅན་ཚོས་ནང་མི་དང་ཁ་བྲལ་ནས་སོ་སོའི་བདེ་སྡུག་ལ་མ་བལྟོས་པར་ལོ་སིར་ཡོང་བ་ནི་ང་ཚོ་རང་གི་མིར་བརྩིས་པ་ཞིགརེད། ང་ཡོད་སའི་150སྨན་ཁང་གི་ལས་རོགས་ཚོས་ཀྲུང་གོའི་རིགས་གཅིག་མཁས་ཅན་གྱི་ཆེད་ལས་དང་སྨན་བཅོས་ལ་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་འདུག ལོ་སིར་དཀའ་ངལ་འཕྲད་སྐབས། ཀྲུང་གོ་མི་དམངས་དང་སྲིད་གཞུང་གིས་དཀའ་ངལ་ལ་མ་འཛེམ་པར་ང་ཚོར་རོགས་རམ་བྱེད་ཀྱི་ཡོད། ང་ཚོ་ལོ་སི་བ་རྣམས་ཀྱིས་བཀའ་དྲིན་དེ་བརྗེད་མི་སྲིད། ང་ཀྲུང་གོར་དགའ”ཞེས་ཆན་ཏ་ལིས་བཤད།

ལོ་སིའི་ཕྱི་འབྲེལ་པུའི་དཔོན་རིགས་སུའུ་ཁ་ཕུང་གིས། ཀྲུང་གོའི་རིགས་གཅིག་མཁས་ཅན་གྱི་སྒེར་སེམས་མེད་པའི་རོགས་སྐྱོར་ལས་ལོ་སིའི་ན་གཞོན་སྔར་བས་མང་བ་གསོ་རིག་སྦྱངས་ཏེ་ཀྲུང་གོའི་རིགས་གཅིག་མཁས་ཅན་ལྟ་བུའི་དཔའ་བོར་འགྱུར་རྒྱུར་སྐུལ་ལྕག་ཐེབས་ཡོད་ཅེས་གསར་འགོད་པར་བཤད། ལོ་32ལ་སླེབས་པའི་ལོ་སིའི་སྨན་པ་ཀྲན་ཕུའུ་ཕེས“ང་ཚོ་རླུང་རྟ་རྒྱུག་སོང་། ཀྲུང་གོའི་རིགས་གཅིག་མཁས་ཅན་གྱིས་འཁྱེར་བའི་གྲུབ་འབྲས་ལྡན་པའི་སྨན་བཅོས་ལག་རྩལ་དང་རིམས་འགོག་གི་ཇུས་གཞི་ཐད་ཀར་སྦྱོང་ཐུབ་བྱུང་བས། འདི་ལས་ང་ཚོས་རེ་བ་མཐོང་བྱུང”ཞེས་བཤད།

ལོ་སིའི་གཞུང་བཙུགས་སློབ་ཆེན་གྱི་ཀྲུང་གོ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཤིས་ཐི་སའེ་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོའི་རིགས་གཅིག་མཁས་ཅན་ཚོགས་ཆུང་དང་རོགས་སྐྱོར་དངོས་ཟོག་འབྱོར་བ་དེས་ཕྱོགས་གཉིས་པོའི་མཉམ་ལས་བྱེད་ཤུགས་ཆེར་གཏོང་དང་ཐུན་མོང་ཐོག་རིམས་ནད་ལས་རྣམ་པར་རྒྱལ་བར་སྐུལ་འདེད་ཤུགས་ཆེན་ཐེབས་ངེས་རེད་ཅེས་བརྗོད།