《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年04月12日

རིམས་འགོག་བྱེད་རིང་ཀྲུང་གོས་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་སེམས་གང་ལེགས་མངོན་པ།

—— བྷེ་ཨུ་རུ་སུའི་རྒྱལ་ཁབ་ཚན་རིག་ཁང་གི་ཡོན་ཀྲང་ཀུའུ་སའེ་ ཁོ་ཧྥུར་བཅར་འདྲི་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝེ་ཀྲུང་ཅེ་དང་། ལི་ཅ།

ཉིན་ཤས་གོང་བྷེ་ཨུ་རུ་སུའི་རྒྱལ་ཁབ་ཚན་རིག་ཁང་གི་ཡོན་ཀྲང་ཀུའུ་སའེ་ཁོ་ཧྥུས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། ཏོག་གསར་གློ་ཚད་རིམས་ནད་ཐོན་རྗེས་ཀྲུང་གོས་མིའི་རིགས་ཀྱི་ལོ་རྒྱུས་ཐོག་སྔར་བྱུང་མ་མྱོང་བའི་གཞི་ཁྱོན་ཆེ་བའི་སྐུལ་སློང་བྱས་ནས་རིམས་ནད་མཆེད་རྒྱུ་གཏན་འགོག་བྱས་པ་མ་ཟད། རྒྱལ་ཁབ་གཞན་གྱིས་རིམས་ནད་འགོག་རྒྱུར་རྩ་ཆེའི་དུས་ཚོད་བརྩོན་ལེན་བྱས་ཡོད། ཀྲུང་གོས་ད་དུང་དུས་ཐོག་ཏུ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་རིམས་ནད་ཀྱི་ཆ་འཕྲིན་སྙན་སེང་ཞུས་པ་དང་ཆབས་ཅིག་རྒྱལ་ཁབ་གཞན་དག་ལ་རིམས་འགོག་གི་ཉམས་མྱོང་མཁོ་འདོན་བྱས་པ་དང་འབྲེལ་ནུས་པས་ལྕོགས་ཚོད་ཀྱི་རོགས་རམ་བྱས་ཏེ། རྒྱལ་སྤྱིའི་འོས་འགན་གང་ལེགས་ཁུར་བས་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་སེམས་གང་ལེགས་མངོན་ཡོད་ཅེས་བརྗོད་པ་རེད།

ཀུའུ་སའེ་ཁོ་ཧྥུས། རིམས་འགོག་གི་འཐབ་རྩོད་ནང་ཀྲུང་གོའི་འགོ་ཁྲིད་རིམ་ངོས་ནས་བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་མཚོན་པར་བྱས་པ་མ་ཟད་བྱ་ཐབས་རབ་དང་རིམ་པ་སྤྱད་ཡོད། “དངོས་ཡོད་གྲངས་གཞི་ལས་མངོན་གསལ། ཀྲུང་གོས་ཕྱོགས་བསྡུས་བྱ་ཐབས་སྤྱད་དེ་སྨན་དོན་མི་སྣ་སྒྲིག་འཛུགས་བྱས་ནས་རྒྱལ་དམངས་ཡོངས་ཀྱིས་ཐུན་མོང་ཐོག་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱས་པར་རྒྱལ་ཁ་ཆེན་པོ་ཐོབ་ཡོད”ཅེས་བརྗོད་པ་རེད།

ཀུའུ་སའེ་ཁོ་ཧྥུས། ཀྲུང་གོའི་རིམས་འགོག་འཐབ་རྩོད་ཀྱིས་རྒྱལ་ཁབ་གཞན་ལ་རྩ་ཆེའི་དུས་ཚོད་བརྩོན་ལེན་བྱས་ཡོད། ཀྲུང་གོས་དུས་ཐོག་ཏུ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་ཆ་འཕྲིན་སྙན་སེང་ཞུས་པ་དང་འབྲེལ། ནད་དུག་གི་གཞི་རྒྱུ་ཧྲིལ་པོའི་གྲུབ་ཚུལ་མགྱོགས་མྱུར་མཉམ་སྤྱོད་བྱས་པ་དེ་ནི་ནད་དུག་ལ་ཞིབ་འཇུག་བྱེད་པ་མ་ཟད་སྨན་རྫས་དང་རིམས་འགོག་སྨན་ཁབ་གསར་སྤེལ་བྱེད་པའི་རྨང་གཞིའི་ཆ་འཕྲིན་ཞིག་རེད། ཀྲུང་གོའི་རིགས་གཅིག་མཁས་ཅན་གྱིས་འབྲེལ་ཡོད་དུས་དེབ་ཐོག་དཔྱད་རྩོམ་སྤེལ་ཏེ། འཛམ་གླིང་ཡོངས་ལ་རིམས་ནད་ཀྱི་ཆ་འཕྲིན་དང་སྔོན་འགོག་དང་སྨན་བཅོས་བྱ་ཐབས་སོགས་ངོ་སྤྲོད་བྱས་པ་མ་ཟད། ད་དུང་རིམས་ནད་ཅུང་ཚབས་ཆེ་བའི་རྒྱལ་ཁབ་ལ་རོགས་རམ་བྱས་ཏེ་རྒྱལ་སྤྱིའི་འོས་འགན་གང་ལེགས་ཁུར་ཡོད་ཅེས་བརྗོད་པ་རེད།

ཁོང་གིས། རྒྱལ་ཁབ་ཁག་གིས་ངེས་པར་དུ་མཉམ་ལས་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཁྱབ་མཆེད་ཆེན་པོ་འགྲོ་བར་ཁ་གཏད་གཅོག་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་ཐུབ་པ་བྱས་ཐོག་དུས་དང་རྣམ་པ་ཀུན་ཏུ་མཐུན་སྒྲིལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། མིའི་རིགས་ཐུན་མོང་ལ་ཉེན་ཁ་བཟོ་བའི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པར་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། “ཉེན་ཁ་ཧ་ཅང་ཆེ་བའི་སྐབས་སུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བྱ་སྤྱོད་སྤེལ་ཏེ་ཐུན་མོང་ཐོག་འབད་བརྩོན་བྱས་ནས་འདུ་ཤེས་འཛིན་སྟངས་དང་། རིག་གནས། ཆོས་ལུགས་སོགས་ཀྱི་མི་མཐུན་ས་དེ་རིགས་རིམས་ནད་ལ་མཉམ་དུ་ཁ་གཏད་གཅོག་པའི་འགལ་རྐྱེན་ལ་མ་འགྱུར་བ་བྱེད་དགོས”ཞེས་ནན་བཤད་བྱས་པ་རེད།

(བསོད་ནམས་དཔའ་མོས་བསྒྱུར། བདེ་སྒྲོལ་གྱིས་ཞུས)