《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年04月02日

མཚོ་སྔོན་གྱིས་བཟའ་བྱའི་ཞིང་ཞོར་ཐོན་རྫས་ཀྱི་ཚད་ལོན་ལག་ཁྱེར་ཐོག་མ་སྤྲད་པ།

ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་3ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་31ཉིན་གྱི་སྔ་དྲོ། མཚོ་སྔོན་གྱི་བཟའ་བྱའི་ཞིང་ཞོར་ཐོན་རྫས་ཀྱི་ཚད་ལོན་ལག་ཁྱེར་ཐོག་མ་སྤྲོད་པའི་མཛད་སྒོ་ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་དུ་འཚོགས་ཤིང་། མཚོ་སྔོན་ལེ་ཅཱ་ཞིང་ལས་ཚད་ཡོད་ཀུང་སིའི་སྔོ་ཚལ་དང་ཀྭ་རིགས་ལ་བཟའ་བྱའི་ཞིང་ཞོར་ཐོན་རྫས་ཀྱི་ཚད་ལོན་ལག་ཁྱེར་ཐོག་མ་དེ་རག་པ་དང་། དེ་ཐོག་ནས་མཚོ་སྔོན་གྱིས་བཟའ་བྱའི་ཞིང་ཞོར་ཐོན་རྫས་ཀྱི་ཚད་ལོན་ལག་ཁྱེར་ལམ་ལུགས་དངོས་སུ་ཁྱབ་གདལ་བཏང་བ་མཚོན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། བཟའ་བྱའི་ཞིང་ཞོར་ཐོན་རྫས་ཀྱི་ཚད་ལོན་ལག་ཁྱེར་ལམ་ལུགས་ནི་ཞིང་ཞོར་ཐོན་རྫས་ཐོན་སྐྱེད་བྱེད་མཁན་གྱིས་རང་ངོས་ཀྱི་སྤུས་ཚད་ཚོད་འཛིན་དང་། དོ་དམ། ཁས་ལེན་བཅས་བྱེད་པའི་ཞིང་ཞོར་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་བཅོས་སྐྱོང་ལམ་ལུགས་གསར་པ་ཞིག་རེད། ཟླ་2པའི་ཟླ་མཇུག་ཏུ་མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་གིས《བཟའ་བྱའི་ཞིང་ཞོར་ཐོན་རྫས་ཀྱི་ཚད་ལོན་ལག་ཁྱེར་ལམ་ལུགས་ཚོད་ལྟའི་ལག་བསྟར་གྱི་ལས་དོན་སྐོར་གྱི་མཚོ་སྔོན་ཞིང་ཆེན་གྱི་ལག་བསྟར་ཇུས་གཞི》དཔར་འགྲེམས་བྱས་པ་དང་། མ་འོངས་པའི་ལོ་གསུམ་ནང་སྔོ་ཚལ་དང་། ཤིང་འབྲས། སྒོ་ཕྱུགས་དང་ཁྱིམ་བྱ། སྒོ་ང་། ཉའི་ཐོག་མའི་ལས་སྣོན་ཐོན་རྫས་སོགས་ཞིང་ཞོར་ཐོན་རྫས་རིགས་ཆེ་གྲས་ལྔར་ཞིང་ཆེན་ཡོངས་སུ་བཟའ་བྱའི་ཞིང་ཞོར་ཐོན་རྫས་ཀྱི་ཚད་ལོན་ལག་ཁྱེར་ལམ་ལུགས་ཚོད་ལྟའི་ངང་ལག་བསྟར་དགོས་ལུགས་བཏོན་ཡོད།

“བཟའ་བྱའི་ཞིང་ཞོར་ཐོན་རྫས་ཀྱི་ཚད་ལོན་ལག་ཁྱེར་ནི་ཁྲོམ་རའི་ཐོག་བཏོན་པའི་ཞིང་ཞོར་ཐོན་རྫས་ཀྱི‘ཐོབ་ཐང་ལག་ཁྱེར’ཞིག་རེད་ལ། ཐོན་སྐྱེད་བྱེད་མཁན་གྱི‘ཁས་ལེན་ཡི་གེ’ཞིག་ཀྱང་རེད”མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་ཞིང་ཞོར་ཐོན་རྫས་སྤུས་ཚད་བདེ་འཇགས་ལྟ་སྐུལ་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་ཞུང་ཅིན་ཉིང་གིས་ཚད་ལོན་ལག་ཁྱེར་ནང་བཟའ་བྱའི་ཞིང་ཞོར་ཐོན་རྫས་ཀྱི་མིང་དང་། ཁ་གྲངས། ཐོན་སྐྱེད་བྱེད་མཁན་གྱི་ཆ་འཕྲིན། ལག་ཁྱེར་སྤྲོད་པའི་དུས་ཚོད། ཁས་ལེན་གསལ་བསྒྲགས་སོགས་ཀྱི་ནང་དོན་ཚུད་ཡོད། བཟའ་བྱའི་ཞིང་ཞོར་ཐོན་རྫས་ཀྱི་ཚད་ལོན་ལག་ཁྱེར་ལམ་ལུགས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་ཞིང་ཞོར་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་ཐུབ་ཀྱི་ཡོད། གལ་ཏེ་ཞིང་ཞོར་ཐོན་རྫས་ཁྲོམ་རར་མཁོ་འདོན་བྱེད་རིང་གནད་དོན་ཐོན་ཚེ། ཁོང་ཚོས་ཚད་ལོན་ལག་ཁྱེར་བརྒྱུད་བདའ་འདེད་གཏོང་བ་དང་འབྲེལ་དུས་ཐོག་ཏུ་བཅོས་སྒྲིག་ཀྱང་བྱེད་ཆོག་གི་ཡོད།

མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་གི་ཐིང་ཀྲང་གཞོན་པ་མཱ་ཆིང་ཏེ་ཡིས་གོམ་སྟབས་རྗེས་མར་ཞིང་ལས་གཙོ་འགན་དོ་དམ་སྡེ་ཚན་གྱིས་བཟའ་བྱའི་ཞིང་ཞོར་ཐོན་རྫས་ཀྱི་ཚད་ལོན་ལག་ཁྱེར་དེ་རྒྱུན་གཏན་གྱི་སྐོར་ཞིབ་དང་ཁྲིམས་བསྟར་ལྟ་སྐུལ་དོ་དམ་གྱི་ནང་དོན་གལ་ཆེན་ཞིག་ལ་བརྩི་རྒྱུ་ཡིན་ཞིང་། བཟའ་བྱའི་ཞིང་ཞོར་ཐོན་རྫས་ཐོན་ཡུལ་གྱི་ཆོག་འཐུས་དོ་དམ་ལ་ཤུགས་སྣོན་བརྒྱབ་ཏེ་བདེ་འཇགས་མེད་པའི་བཟའ་བྱའི་རིགས་ཤེས་རྟོགས་བྱུང་ཚེ་རྗེས་སྙེག་བདའ་འདེད་བཏང་ནས་ཞིང་ཞོར་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི“མེ་འགོག་གྱང”སྐྲུན་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས།

(པད་ཆོས་ཀྱིས་བསྒྱུར། ཉི་དོན་དང་པད་ཆོས་ཀྱིས་ཞུས)