《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年04月02日

བོད་ལྗོངས་གསར་པའི་འཕེལ་རྒྱས་དང་ཡར་ཐོན་ནི་འགོག་ཐབས་མེད་པའི་དུས་རབས་ཀྱི་རླབས་རྒྱུན་ཡིན།

བོད་ལྗོངས་ནི་ཀྲུང་གོའི་བོད་ལྗོངས་དང་རྒྱལ་ཡོངས་མི་དམངས་ཀྱི་བོད་ལྗོངས་ཡིན། བོད་ལྗོངས་དར་རྒྱས་གོང་འཕེལ་དེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་བྱེད་པའི་བརྗིད་ཆེའི་དམིགས་ཚད་དང་འབྲེལ་བ་དམ་ཟབ་ཡོད། ལོ་རྒྱུས་ལ་ཕྱོགས་བསྡུས་ལྟ་ཞིབ་བྱེད་སྐབས། བོད་ལྗོངས་ནི་གནའ་སྔ་མོ་ནས་བཟུང་མེས་རྒྱལ་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པས་ལོ་རྒྱུས་ཀྱི་དོན་དངོས་ལ་འཁྱོག་བཤད་བྱེད་མི་རུང་། དེང་སྐབས་ལ་ཞིབ་ལྟ་བྱེད་སྐབས། ཀྲུང་གོ་གསར་པ་དབུ་བརྙེས་ཚུན། ཀྲུང་གོ་གུང་ཁྲན་ཏང་གིས་བོད་ལ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱི་སྲིད་ཇུས་ལག་ལེན་བསྟར་བར་ཐོབ་པའི་རླབས་ཆེན་གྱི་གྲུབ་འབྲས་དག་སྐྱེ་བོ་ཀུན་གྱི་མཐོང་ཆོས་སུ་གྱུར་ཡོད།

ཀྲུང་གོ་ནི་འཛམ་གླིང་ཐོག་ལོ་རྒྱུས་ཀྱི་ཤེས་དཔལ་ལོ་ངོ་ལྔ་སྟོང་རྒྱུན་མཐུད་ཐུབ་ལ། མཚམས་ཆད་མྱོང་མེད་པའི་རྒྱལ་ཁབ་གཅིག་པུ་དེ་ཡིན་པས། མི་སུ་འདྲ་ཞིག་ཡིན་རུང་མི་རིགས་ཁག་གིས་ཐུན་མོང་ཐོག་བཏོད་པའི་ཀྲུང་གོའི་ལོ་རྒྱུས་ལ་སྐྱོན་འཛུགས་གང་བྱུང་དང་མཐོ་བཤད་དམའ་བཤད་བྱེད་པའི་ཐོབ་ཐང་མེད། གནའ་རབས་ཀྲུང་གོའི་ཀྲུང་དབྱང་གོང་མའི་སྲིད་གཞུང་གིས་བོད་ཀྱི་ས་གནས་སྲིད་འཛིན་སོགས་ལས་དོན་ཁག་ལ་སྤྱི་ལོ་1247ལོ་ནས་བཟུང་བདག་སྐྱོང་བྱེད་འགོ་ཚུགས་ཤིང་། 1492ལོར་ཡོ་རོབ་ཀྱི་མི་རྒྱུད་དཀར་པོའི་མི་སེར་སྤེལ་མཁན་མེ་གླིང་དུ་མ་སླེབས་གོང་བར། ཀྲུང་དབྱང་སྲིད་གཞུང་གིས་བོད་ས་གནས་ལ་ལོ་240ལྷག་ཙམ་སྲིད་སྐྱོང་ནུས་ལྡན་བྱས་ཡོད། ཨ་རིའི་དམག་དཔུང་གིས“ནུབ་སྐྱོད་ལས་འགུལ”སྤེལ་ནས་དབྱིན་ཏི་ཨན་བ་ཕྱིར་འབུད་བྱས་པ་དང་། དམར་གསོད་བཏང་བ། དེ་བཞིན་དབྱིན་ཏི་ཨན་བའི་ས་ཆ་སྤྱི་ལེ་ངོས་གྲུ་ཁྲི་བརྒྱ་ཕྲག་ཁ་ཤས་བཙན་བཟུང་མ་བྱས་གོང་། ཆིང་རྒྱལ་རབས་ཀྱི་བོད་སྡོད་ཨམ་བན་གྱིས་བོད་ཀྱི་ཁྱབ་ཁོངས་ཁག་ལ་ཕྱོགས་ཡོངས་ནས་བདག་སྐྱོང་བྱེད་པའི་བྱེད་ཐབས་གྲས་སུ《བོད་ཀྱི་ལས་དོན་བྱེད་ཕྱོགས་སྐོར་གྱི་རྩ་ཚིག་དོན་ཚན་ཉི་ཤུ་རྩ་དགུ》གཏན་འབེབས་བྱས་ནས་ཁྱབ་བསྒྲགས་བྱས་པ་སོགས་ས་གནས་ལ་དོ་དམ་བྱེད་རྒྱུ་ཁྲིམས་ལུགས་ཅན་དུ་འགྱུར་བ་བྱས་པ་དང་། གསེར་བུམ་དཀྲུགས་ནས་ཏཱ་ལའི་བླ་མ་དང་པཎ་ཆེན་ཨེར་ཏེ་ནི་སོགས་སྤྲུལ་སྐུ་ཆེ་ཁག་གི་ཡང་སྲིད་ངོས་འཛིན་ཞུས་པ། ས་གནས་ཀྱི་སེར་སྐྱའི་རིམ་ཁག་དཔོན་རིགས་བསྐོ་གཞག་བྱས་པ། དམག་དཔུང་ལ་བཀོད་འདོམས་ཀྱིས་མཐའ་མཚམས་སྲུང་སྐྱོང་བྱས་པ། མི་སེར་གྱི་ལོ་མང་རིང་ཆད་པའི་དངུལ་དང་ཁྲལ་འུ་ལག་ཆག་ཡང་དང་རྩ་ཆག་བཏང་བ། མི་སེར་ལ་ཐོན་སྐྱེད་དང་འཚོ་བ་སླར་གསོ་བྱེད་རོགས་བྱས་པ་ལ་སོགས་ཚུད་ཡོད། དེང་དུས་ལ་ལྟ་སྐབས། ཀྲུང་གོས་མི་རིགས་འདྲ་མཉམ་དང་། མི་རིགས་མཐུན་སྒྲིལ། མི་རིགས་ཁག་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་བཅས་གཞི་རྩའི་རྩ་དོན་དུ་བྱས་པའི་མི་རིགས་སྲིད་ཇུས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བོད་དུ་གྲུབ་འབྲས་ཐོན་པའི་སྒོ་ནས་ལག་ལེན་བསྟར་བས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་སྔར་བྱུང་མྱོང་མེད་པའི་དབང་ཆར་འགན་ལེན་བྱུང་བ་དང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐྱེ་བོ་ཀུན་གྱི་མཐོང་ཆོས་སུ་གྱུར་པའི་གྲུབ་འབྲས་ཐོབ་ཡོད། འོ་ན་བོད་ཀྱི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ངན་སྨྲས་ཤུགས་ཆེན་བྱེད་མཁན་སྲིད་ཚོང་པ་དང་སྨྱན་སྦྱོར་མི་སྣ་དེ་དག་ལ་རང་རྒྱལ་ཁབ་ཀྱི་མི་རིགས་སྐད་ཡིག་རིག་གནས་སྲུང་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ད་ལྟའི་གནས་ཚུལ་ཤོད་རྒྱུ་གང་ཡོད་དམ། ཁེངས་དྲེགས་དང་ཕྱོགས་ལྷུངས་ཀྱིས་དོན་དངོས་ཀྱི་ཚབ་བྱེད་མི་ཐུབ། མ་རུངས་ཁོག་བཅུག་ནི་བདེན་དོན་དང་སྤྱི་ལུགས་དང་རྒྱང་ཐག་རིང་པོ་ཆོད་པ་ཞིག་ཡིན། དོན་དངོས་ལ་བརྩི་འཇོག་བྱས་ཚེ་གཞི་ནས་སྔོན་ཆད་ཡོད་པ་དང་དངོས་ཡོད་ལ་བརྩི་འཇོག་བྱས་ཚེ་གཞི་ནས་འབྱུང་འགྱུར་ཡོང་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།

ལོ་རྒྱུས་ནི་མེ་ལོང་ལྟ་བུ་ཞིག་ཡིན་ཞིང་། དེ་ལས་བོད་ལྗོངས་གསར་པའི་འགྲོ་ལམ་གྱི་གདེང་ཚོད་དང་ལམ་ལུགས་ཀྱི་གདེང་ཚོད་མངོན་གྱི་ཡོད། 1840ལོར་ཉལ་ཐའི་དམག་འཁྲུག་ལངས་ཚུན། བཙན་རྒྱལ་རིང་ལུགས་ཀྱི་བཙན་དབང་རྒྱལ་ཁབ་ཀྱིས་ཀྲུང་གོ་དུམ་བུར་བགོ་རྒྱུའི་ཚ་རླབས་རྒྱུན་ཆད་མེད་པར་བསླངས་པས། ཀྲུང་གོའི་མཐའ་མཚམས་ས་ཁུལ་དུ་སྔར་བྱུང་མྱོང་མེད་པའི་ཉམས་ཉེན་ཆེན་པོ་འཕྲད་ལ། བོད་ལྗོངས་འདི་ཉིད་ཀྱང་གཡོལ་ཐབས་བྲལ་བ་ཞིག་ཏུ་གྱུར། དབྱིན་ཇི་བཙན་རྒྱལ་རིང་ལུགས་ཀྱིས་1888ལོ་དང་དེ་བཞིན་1903ནས་1904ལོ་བར་དམག་མི་ཐེངས་གཉིས་མངགས་ཏེ་དྲག་ཤུགས་ལ་བརྟེན་ནས་བོད་ལ་དྲག་པོའི་བཙན་འཛུལ་བྱས་ཤིང་། དེའི་རིང་མི་སེར་དམར་གསོད་བཏང་བ་དང་། རྒྱུ་ནོར་དང་རིག་དངོས་འབོར་ཆེན་བཙན་འཕྲོག་བྱས་པ། བྱ་ངན་སྤྱོད་ངན་སྣ་ཚོགས་སྤེལ་བ། སྡིག་ཉེས་གྲངས་ལས་འདས་པ་བསགས་པ་མ་ཟད། ད་དུང“བོད་རང་བཙན”གྱི་ཕྱོགས་གཏོགས་གསོ་སྐྱོང་བྱས་པའི་རྐྱེན་ངན་ད་ལྟའང་ཡོད། དེ་དང་ཆབས་ཅིག་སྟོབས་ཞན་ནུས་མེད་ཀྱི་ཆིང་རྒྱལ་རབས་ཀྱི་དུས་མཇུག་དང་མི་སེར་རྒྱལ་ཁབ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཉམས་རྒུད་འགྲོ་ཚུལ་ལ་འགྱུར་ལྡོག་གཏོང་ཐུབ་མེད་ལ། བོད་དུ་ཁེངས་དྲེགས་ཆེན་པོས་བཀོད་འདོམས་བྱེད་མཁན་ཕྱི་རྒྱལ་གྱི་མི་སེར་སྤེལ་མཁན་ཕྱོགས་གཏོགས་ཀྱང་མཐར་སྐྲོད་གཏོང་ཐུབ་མེད། 1912ལོའི་ཟླ་6པར་བོད་དུ་ཟིང་འཁྲུག་ལངས་ཤིང་། པེ་དབྱང་སྲིད་གཞུང་གིས་དབྱི་ཁྲང་ཧོང་ནུབ་བསྐྱོད་དམག་གི་སྤྱི་ཁྱབ་སི་ལིང་ལ་བསྐོ་གཞག་བྱས་པ་དང་སྤྱི་དཔོན་གྱིས་ནུབ་ཕྱོགས་སུ་བསྐྱོད་དེ་ས་ཆ་མང་ཆེ་བ་ཚུར་བླངས། 1942ལོར་དབྱིན་ཇིའི་ཚོང་དོན་འཐུས་མི་ལི་ཅི་ཧྲེང་གིས་ལྐོག་ཏུ་རྒྱབ་སྐྱོར་བྱས་པའི་འོག བོད་ཀྱི་ཁ་ཕྲལ་ཕྱོགས་གཏོགས་ཀྱིས་ཟིང་ཆ་སློང་གྲབས་བྱེད་བཞིན“ཕྱི་འབྲེལ་ཅུས་ཀྱི་དོན་རྐྱེན”ཟེར་བའི་ངན་ཇུས་བཤམས། སྐབས་དེར་ཅང་ཅེ་ཧྲི་ཁོང་ཁྲོ་ཆེན་པོ་ལངས་ནས་བོད་ས་གནས་སྲིད་གཞུང་གིས་རང་བཙན་བྱེད་ཕོད་ན་འཕྲལ་དུ་གནམ་གྲུ་བཏང་ནས་ལྷ་སར་འབར་མདེལ་དབྱུག་རྒྱུ་ཡིན་ཞེས་བརྗོད་མོད། འོན་ཀྱང་ཅང་ཅེ་ཧྲིས་དེ་ལྟར་བྱེད་ཐུབ་མེད། གང་ལགས་ཤེ་ན་ཕྱི་རྒྱལ་གྱིས་ཐེ་ཇུས་བྱེད་ངེས་ཡིན་པའི་དོགས་པ་སྐྱེས་པས་རེད། 1949ལོའི་ཟླ་7ཚེས་8ཉིན། བཙན་རྒྱལ་རིང་ལུགས་ཕྱོགས་གཏོགས་ཀྱི་ངན་སྐུལ་འོག བོད་ཀྱི་ཁ་ཕྲལ་ཕྱོགས་གཏོགས་ཀྱིས“རྒྱ་མི་མཐར་སྐྲོད་ཀྱི་དོན་རྐྱེན”བཟོས། ཟླ་9ཚེས་2ཉིན་ཤིན་ཧྭ་གསར་འགྱུར་ཁང་གིས་འགོ་བརྗོད་དུ《ཕྱི་རྒྱལ་གྱི་བཙན་འཛུལ་པས་ཀྲུང་གོའི་མངའ་ཁོངས་ཏེ་བོད་ལྗོངས་ཁྱུར་མིད་གཏན་ནས་གཏོང་དུ་འཇུག་གི་མིན》ཞེས་འཁོད་པའི་ཆེད་བརྗོད་སྤེལ་བའི་དམིགས་ཡུལ་ནི“བོད་རང་བཙན”ཕྱོགས་གཏོགས་ཀྱི་རྒྱབ་རྟེན་ཏེ་ཕྱི་རྒྱལ་གྱི་བཙན་འཛུལ་པར་ཐད་ཀར་དམིགས་རྒྱུ་དེ་རེད། དེའི་ནང“བོད་ལྗོངས་ནི་ཀྲུང་གོའི་མངའ་ཁོངས་ཡིན་པས་ཕྱི་རྒྱལ་གྱི་རྒྱལ་ཁབ་གང་རུང་ཞིག་གིས་བཙན་འཛུལ་གཏན་ནས་བྱེད་དུ་འཇུག་གི་མིན། བོད་མི་དམངས་ནི་ཀྲུང་གོ་མི་དམངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པས་ཕྱི་རྒྱལ་གྱི་རྒྱལ་ཁབ་གང་ཞིག་ཡིན་རུང་ཁ་ཕྲལ་དུ་གཏན་ནས་འཇུག་གི་མིན”ཞེས་ལྟ་བ་ཁ་གསལ་པོས་བསྟན་ཡོད། དེ་ནི་ཀྲུང་གོ་མི་དམངས་དང་། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཅས་ཀྱི་བློ་བརྟན་འགྱུར་མེད་ཀྱི་མཛད་ཕྱོགས་ཤིག་རེད། 1951ལོའི་ཟླ་5ཚེས་23ཉིན་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་འཐུས་མི་དང་བོད་ས་གནས་སྲིད་གཞུང་གི་འཐུས་མིས《གྲོས་མཐུན་དོན་ཚན་བཅུ་བདུན》ལ་མིང་རྟགས་བཀོད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་འདྲ་མཉམ་མིན་པའི་ཆིངས་ཡིག་མཐའ་དག་མེད་པར་བཟོས་པ། བཙན་རྒྱལ་རིང་ལུགས་ཀྱི་ཕྱོགས་གཏོགས་བོད་ནས་མཐར་སྐྲོད་བཏང་ནས་རྒྱལ་ཁབ་གཅིག་གྱུར་དང་ཀྲུང་ཧྭ་མི་རིགས་ཀྱི་ལ་རྒྱ་བསྲུངས་ཡོད། 1959ལོར་བོད་ཀྱི་མཐོ་རིམ་ལོག་སྤྱོད་ཤོག་ཁག་གིས་ཕྱོགས་ཡོངས་ཀྱི་དྲག་པོའི་ངོ་ལོག་ཟིང་འཁྲུག་བསླངས་པས་དམངས་གཙོའི་བཅོས་སྒྱུར་སྔ་སྣུར་དུ་མི་བྱེད་ཀ་མེད་བྱུང་། ལོ་ངོ་བརྒྱ་ཕྲག་རྒྱུན་མཐུད་པའི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མཇུག་འགྲིལ་བ་ཁྱབ་བསྒྲགས་བྱས་རྗེས། ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པ་དང་། རང་ཁྱིམ་རང་བདག་བྱུང་བ་ནས་དུས་དེ་ནས་བཟུང་བོད་ཀྱི་ལོ་རྒྱུས་ཀྱི་ལེའུ་གསར་པ་ཞིག་རྩོམ་འགོ་ཚུགས་ཤིང་། དམངས་གཙོ་རིང་ལུགས་གསར་པའི་སྤྱི་ཚོགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕྱོགས་སུ་བར་བརྒལ་བྱུང་བ་དང་། བོད་ཀྱི་སྤྱི་ཚོགས་ལ་རླབས་ཆེན་གྱི་མཆོང་སྐྱོད་བྱུང་བ། མི་དམངས་ཀྱི་ལས་དབང་ལ་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད། བོད་ལ་འགྱུར་ལྡོག་མཐར་ཕྱིན་པ་བྱུང་བ་དེ་ཞི་བའི་བཅིངས་འགྲོལ་ནས་འགོ་ཚུགས་པ་དང་། བོད་ཀྱི་འཕེལ་རྒྱས་ཆེན་པོ་དེ་དམངས་གཙོའི་བཅོས་སྒྱུར་ནས་འགོ་ཚུགས་པ། བོད་ཀྱི་འོད་སྟོང་འབར་བའི་གྲུབ་འབྲས་མཐའ་དག་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱས་ནས་བྱུང་བ་ཞིག་རེད།

ལག་ལེན་ནི་ཐིག་ཤིང་ལྟ་བུ་ཞིག་ཡིན་པས། བོད་ལྗོངས་གསར་པའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་ཚད་འཇལ་ཐུབ་པའི་དུས་རབས་ཀྱི་ཚད་ཤིང་ཞིག་རེད། དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་61སོང་ཚུན། བོད་ཀྱི་རྣམ་པར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཞིང་། བོད་ཀྱིས་མེད་པ་ནས་ཡོད་པའི་བར་གྱི་དེང་རབས་ཀྱི་བཟོ་ལས་མ་ལག་བཙུགས་པས། དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་གང་སར་འཕེལ་རྒྱས་མྱུར་པོ་ཕྱིན་ཡོད། དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་། ཡུན་རིང་འཕེལ་མེད་སོར་གནས་ཀྱི་བོད་ཀྱི་མི་འབོར་དེ་1959ལོའི་མི་ཁྲི་122.8ནས་2018ལོའི་མི་ཁྲི་343.82བར་འཕར་བ་དེའི་ནང་བོད་རིགས་མི་འབོར་གྱིས་སྤྱིའི་མི་འབོར་གྱི་90%ཡན་བཟུང་ཡོད། བོད་ཀྱི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ནི་ཞི་བའི་བཅིངས་འགྲོལ་བཏང་བའི་ཐོག་མའི་དུས་ཀྱི་ལོ་35.5ནས་དུས་ཐུང་ལོ་60ལྷག་ཙམ་རིང་2019ལོའི་ལོ་70.6བར་མཐོ་རུ་ཕྱིན་ཡོད། 2019ལོར་བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་37410དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་12951ཟིན་གྱི་ཡོད། འགྲིམ་འགྲུལ་ལ་ཆ་མཚོན་ན། 2019ལོའི་ལོ་མཇུག་བར་བོད་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་གཞུང་ལམ་གྱི་ལམ་ཐག་སྤྱི་ལེ་103579.2ཟིན་པའི་ནང་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་74043.9ཟིན་པ་དེས་71.5%བཟུང་ཡོད། མཚོ་བོད་ལྕགས་ལམ་དང་། ལྷ་གཞིས་ལྕགས་ལམ། ལྷ་ཉིང་ལྕགས་ལམ་བཅས་བསྐྲུན་ཟིན་པའམ་སྐྲུན་བཞིན་ཡོད་པ་དང་། མིག་སྔར་བོད་དུ་སྐྱེལ་འདྲེན་གནམ་ཐང་5དང་། འཕུར་སྐྱོད་མཁའ་འགྲུལ་ཀུང་སི་11 མཁའ་ལམ་ཁག་101 མཁའ་ལམ་ཤར་གཏོང་ཐུབ་པའི་གྲོང་ཁྱེར་51བཅས་ཡོད། བོད་ཀྱི་ཚན་རྩལ་ཡར་ཐོན་དང་། སློབ་གསོ་འཕེལ་རྒྱས། བོད་སྐད་ཡིག་རྒྱུན་འཛིན། སྨན་བཅོས་རྒན་གསོ། སྤྱི་ཚོགས་འགན་སྲུང་སོགས་ཁྱབ་ཁོངས་ཁག་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་ཁྱབ་ཁོངས་ཁག་གཅིག་ཐ་ན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།

འདི་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་མཇུག་བསྡུའི་ལོ་ཡིན། བོད་འདི་ཉིད་དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་ཐུབ་པའི་འགན་ལེན་བྱ་ཆེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ལ་ཐུགས་ནུས་ཆེན་པོ་བཏོན་གནང་ཡོད། ཏང་ཀྲུང་དབྱང་གིས་བོད་ཀྱི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ་གནད་སྨིན་དབུལ་སྒྲོལ་གྱི་འཐབ་ཇུས་ལག་བསྟར་བྱས་ནས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་གནད་དོན་ཞིབ་འཇུག་དང་ཐག་གཅོད་ཧུར་ཐག་གནང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་རང་སྐྱོང་ལྗོངས་ཀྱིས་དབུལ་སྐྱོར་ཆེད་དོན་མ་དངུལ་སྤྱི་འདོམས་བྱས་ཏེ་ཡུལ་བབ་དང་བསྟུན་པ་དང་། ཚན་རིག་དང་མཐུན་པའི་ཇུས་བསྟར། གནད་སྨིན་དབུལ་སྐྱོར་བཅས་མཐའ་འཁྱོངས་དང་། ཐོན་ལས་དབུལ་སྐྱོར་དང་། དྲ་ཐོག་ཚོང་དོན་དབུལ་སྐྱོར། ཡུལ་སྐོར་དབུལ་སྐྱོར། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར། ཁ་གཏད་བོད་སྐྱོར་གྱི་དབུལ་སྐྱོར། སྣོད་བཅུད་དབུལ་སྐྱོར་སོགས་ཀྱི་བྱ་ཐབས་ལག་བསྟར་ཤུགས་ཆེན་བྱས་ཏེ། ཁྱད་ལྡན་ཐོན་ལས་དང་། མི་རིགས་ཐོན་ལས། ཀ་རྟེན་ཐོན་ལས་བཅས་ཀྱི་རྒྱ་སྟོབས་ཆེ་རུ་རྒྱུན་ཆད་མེད་པར་བཏང་བ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་བ། ད་ལྟ་ལག་བསྟར་བྱེད་བཞིན་པའི་ཚད་གཞིའི་འོག་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཚང་མ་དབུལ་སྒྲོལ་དང་རྫོང་དབུལ་པོ་ཚང་མའི་དབུལ་ཞྭ་འབུད་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད།

(རྩོམ་པ་པོ་ནི་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ལོ་རྒྱུས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཡིན་པ)