《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月26日

སློང་མོ་བའི་གྲོང་ཚོའི་ལོ་རྒྱུས་མཇུག་འགྲིལ་བ།

—— བོད་ལྗོངས་ལྷ་སའི་བདེ་ཆེན་གྲོང་ཚོའི་དབུལ་སྒྲོལ་སྐོར་བཀོད་པ།

འདི་ནི་བོད་ལྗོངས་ལྷ་ས་སྟོད་ལུང་བདེ་ཆེན་ཆུས་བདེ་ཆེན་གྲོང་རྡལ་བདེ་ཆེན་གྲོང་ཚོའི་གྲོང་མི་རྣམ་རྒྱལ(གཡས་ཀྱི་གཉིས་པ)དང་ནང་མིས་ཉིས་ཐོག་གི་ཀ་ཕིབས་འོག་ཉི་མ་སྲོ་བཞིན་པ།

རླངས་འཁོར་ལ་བསྡད་དེ་ལྷ་ས་ནས་རྒྱལ་ལམ་109བརྒྱུད་ནུབ་ཏུ་སྤྱི་ལེ་70ཙམ་བསྐྱོད་ན་སྟོད་ལུང་བདེ་ཆེན་ཆུས་བདེ་ཆེན་གྲོང་རྡལ་བདེ་ཆེན་གྲོང་ཚོར་སླེབས་ཀྱི་ཡོད། སྔོན་མ་འདི་ག་ནི་ཐང་སྟོང་ཞིག་ཡིན་ཡང་ད་ཆ་ལྟ་ན་སྡུག་པའི་གྲོང་ཚོ་ཞིག་ཏུ་གྱུར་ཡོད། སྔོན་མ་འདི་ག་ནས་སློང་མོར་བསྐྱོད་མཁན་མི་ཉུང་བ་ཞིག་ཡོད་ཀྱང་ད་ཆ་ཁྱིམ་དུད་ཚང་མས་དབུལ་ཞྭ་ཕུད་ཡོད། སྔོན་མ་འདི་གའི་མི་རྣམས་ཀྱི་བསམ་འདུན་ཆེ་ཤོས་ནི་ལྟོ་གྲོད་པ་རྒྱགས་པ་ཞིག་ཟ་རྒྱུ་དེ་ཡིན་ཡང་ད་ཆ་མི་སེར་ཚོས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་་རེ་སྒུག་དེ་བས་མང་དུ་ཕྱིན་ཡོད་པ་སོགས་ཀྱི་འགྱུར་ལྡོག་བརྗོད་ཀྱིས་མི་ལངས།

ད་ལོ་ལོ་64ལ་སླེབས་པའི་རྣམ་རྒྱལ་ནི་ས་སྐྱེས་རྡོ་སྐྱེས་ཀྱི་བདེ་ཆེན་གྲོང་ཚོའི་མི་ཞིག་ཡིན་པ་དང་། བདེ་ཆེན་གྲོང་ཚོ་སློང་མོ་བའི་གྲོང་ཚོ་ནས་ཕྱུག་འགྱུར་གྱི་ལམ་བུའི་ཐོག་ཇི་ལྟར་བསྐྱོད་མིན་ཁོང་གིས་དངོས་སུ་བརྒྱུད་མྱོང་ཡོད་ལ་དཔང་པོའང་བྱེད་ཐུབ། “ང་ཚོའི་གྲོང་ཚོ་ནི་སྔོན་མ་སྐད་གྲགས་ཆོད་པའི་སློང་མོ་བའི་གྲོང་ཚོ་ཞིག་རེད། སློང་མོ་བ་མང་ཤོས་སྐབས་གྲོང་ཚོ་ཡོངས་ཀྱི་མི་བརྒྱ་ཆ་བདུན་ཅུ་ཙམ་ཕྱིར་སློང་རྒྱག་པར་འགྲོ་ཡི་ཡོད”ཅེས་རྣམ་རྒྱལ་གྱིས་བརྗོད་པ་དང་། སྔར་སོང་ལ་དྲན་གསོ་བྱེད་སྐབས་སྔོན་མ་ས་ཞིང་མུའུ་ཁ་ཤས་ཀྱིས་འཚོ་བ་འཁྱོལ་ཐབས་བྲལ་བས། རྟག་པར་ལྷ་ས་གྲོང་ཁུལ་དུ་སློང་མོ་རྒྱག་པར་མི་འགྲོ་ཀ་མེད་ཐུག་པའི་འདས་དོན་མང་པོ་ཞིག་རྣམ་རྒྱལ་གྱི་སེམས་སུ་གསལ་ལྷམ་མེར་འཆར།

དུས་རབས་20པའི་ལོ་རབས་ལྔ་བཅུ་དྲུག་ཅུར་བདེ་ཆེན་གྲོང་ཚོའི་མི་མང་པོ་ཞིག་གིས་ལོ་ལྟར་རང་ཁྱིམ་གྱི་ཞིང་ཁ་བཏབ་ཚར་རྗེས་སྒོ་ལྕགས་བརྒྱབ་སྟེ་ཕྱི་ལ་སློང་མོ་རྒྱག་པར་འགྲོ་ཡི་ཡོད་པ་དང་འགྲོ་ཐེངས་གཅིག་ལ་ལོ་ཕྱེད་ཙམ་སྡོད་ཀྱི་ཡོད། ཉམ་ཐག་གི་གྲོང་ཚོ་དང་དབུལ་ཞིང་ཕོངས་པའི་གྲོང་མི་ནི“སློང་མོ་བའི་གྲོང་ཚོས”མི་རྣམས་ལ་བཞག་པའི་བག་ཆགས་ཟབ་ཤོས་དེ་རེད།

ད་ཆ་བདེ་ཆེན་གྲོང་ཚོར་བསྐྱོད་སྐབས་གྲོང་ཚོའི་བཀོད་པ་གསར་རྐྱང་དུ་གྱུར་ཡོད་ཅིང་། བོད་བཟོའི་ཁང་པ་རྣམས་སྟར་པ་གཅིག་ལ་གཅིག་ཏུ་སྦྲེལ་ནས་གནས་པ་དང་། ཁོད་སྙོམས་པའི་ཨར་འདམ་ལམ་བུ་གྲོང་ཚོའི་ཕྱོགས་མཚམས་གང་སར་བཏིང་བ། འོད་མདངས་བཀྲ་བའི་ལམ་སྒྲོན་གྲོང་ཚོའི་གཞུང་ལམ་གཡས་གཡོན་གཉིས་ལ་རིམ་པས་བཙུགས་པ། གཞི་རྒྱ་ཆེ་བའི་སྔོ་འགྱུར་འདུ་འགོད་བྲེལ་བརྩོན་ཆེན་པོས་ལག་བསྟར་བྱེད་བཞིན་པ་སོགས་དེ་སྔོན་གྱི་འབར་འབུར་གྱི་ས་རྡོའི་ལམ་དང་དེ་བཞིན་གོག་ཧྲུལ་དུ་གྱུར་པའི་ས་ཕག་གི་ཁང་པ་དང་བསྡུར་ཚེ་འགྱུར་ལྡོག་ཆེན་པོ་དེ་འདྲ་བྱུང་བ་དངོས་གནས་ཧ་ལས་ཤིང་ཧང་སངས་དགོས་པ་ཞིག་རེད།

བདེ་ཆེན་གྲོང་ཚོའི་གྲོང་སྡོད་ཧྲུའུ་ཅི་ཨང་དང་པོ་ཚེ་རིང་དོན་གྲུབ་ཀྱིས“ད་ཆ་ང་ཚོའི་གྲོང་ཚོར་སློང་མོ་བའི་གྲོང་ཚོ་ཞེས་འབོད་མཁན་མེད་ལ། སྒྱིད་ལུག་ཅན་སྤྱིར་ན་མེད། ཕྱིར་གླ་པར་འགྲོ་མཁན་དང་ཚོང་རྒྱག་མཁན་རིམ་གྱིས་མང་དུ་སོང་བས། ད་དུང་སྒྱིད་ལུག་བྱས་ནས་བསྡད་ན་ཚང་མས་མཐོང་ཆུང་བྱེད་ངེས་རེད”ཅེས་བརྗོད། 2017ལོར་བདེ་ཆེན་གྲོང་ཚོ་དབུལ་ཞྭ་ཕུད་པ་དང་། མི་རེའི་ལོའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.2ལྷག་ཙམ་ཟིན་གྱི་ཡོད་པས། སྔོན་མའི“སློང་མོ་བའི”གྲོང་ཚོ་ད་ཆ་རྦད་དེ་དབུལ་པོའི་ཞྭ་མོ་འབུད་ཐུབ་ཡོད།

ཉེ་བའི་ལོ་ཤས་རིང་། བདེ་ཆེན་གྲོང་ཚོའི་གྲོང་མིས་སྐྱེལ་འདྲེན་ལས་ལ་འཚང་ཁ་ཤིག་ཤིག་ངང་ཞུགས་པས། གྲོང་ཚོ་ཡོངས་སུ་ད་ཆ་འཁོར་རིགས་ཆེ་གྲས་50དང་། སྐྱེལ་འདྲེན་རླངས་འཁོར་62 ཞིང་སྤྱོད་འཕྲུལ་འཁོར་ཆུང་གྲས་130ལྷག་ཙམ་བཅས་ཡོད་པ་དང་ལས་གྲྭའི་ཡོང་འབབ་ཀྱིས་གྲོང་མིའི་ཡོང་འབབ་བསྡོམས་འབོར་གྱི་60%ཡས་མས་བཟུང་ཡོད། གཞན་ཡང་བདེ་ཆེན་གྲོང་རྡལ་གྱི་ཞིང་ལས་འདེབས་འཛུགས་གླིང་སོགས་ཀྱི་རྣམ་གྲངས་ལས་བདེ་ཆེན་གྲོང་ཚོའི་གྲོང་མི་21ཐག་ཉེ་སར་ལས་ཞུགས་ཐུབ་པ་དང་ཆབས་ཅིག ས་ཞིང་བརྒྱུད་བཤུག་བཏང་བའི་བོགས་གླའང་ལེན་རྒྱུ་ཡོད་པས། མི་སེར་ལ་ཡོང་འབབ་བརྟན་པོ་བྱུང་ཡོད།

སྔོན་མ་སློང་མོ་བ་བྱེད་མྱོང་བའི་བཀྲ་ཤིས་ཕུན་ཚོགས་ད་ཆ་གྲོང་ཚོའི་ཕྱུག་པོའི་དུད་ཚང་ལ་གྱུར་ཡོད། བཀྲ་ཤིས་ཕུན་ཚོགས་དང་བུས་ལྕགས་གཞོང་རླངས་འཁོར་གཉིས་བཏང་ནས་སྐྱེལ་འདྲེན་ལས་ཀ་བྱེད་ཀྱི་ཡོད་པ་དང་། ལས་ཡུལ་གྱི་ས་རྡོ་དབོར་བའི་ལས་གྲྭ་འགན་གཙང་ལེན་གྱི་ཡོད་པས། ལོ་གཅིག་ལ་སྒོར་ཁྲི་17ཡས་མས་གསོག་ཐུབ་ཀྱི་ཡོད། ཁོང་གིས་གསར་འགོད་པར“དེང་སང་དཀའ་ལས་བརྒྱབ་ཐུབ་ན་འཚོ་བ་སྐྱིད་པོ་ལས་ཀྱིས་ཆགས་ཐུབ། ང་དང་ཡུལ་མི་ཚོ་ཐག་ཉེ་ས་ནས་ཡོང་འབབ་གསོག་རྒྱུ་བྱུང་། སྲིད་གཞུང་གིས་གོ་སྐབས་བཟང་པོ་དེ་འདྲ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བརྗོད།

དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་ཚུགས་ཚུན། བདེ་ཆེན་གྲོང་ཚོའི་ཨུ་ལྷན་གཉིས་ཀྱིས་དམངས་ཕན་སྲིད་ཇུས་ཁག་20ལྷག་ཙམ་དོན་འཁྱོལ་ནན་པོ་བྱས་པ་དང་རིགས་དབྱེ་ཇུས་འདོན་བྱས་ནས་དབུལ་ཕོངས་ཀྱི་གནད་དོན་ཐག་གཅོད་བྱས་ཡོད། གྲོང་ཚོའི་ནང་གི་ངལ་རྩོལ་ནུས་ཤུགས་མེད་པའི་མི་འབོར་དབུལ་པོར་དམིགས་ནས། མ་མཐའི་འཚོ་བ་འགན་ལེན་དང་སྤྱི་ཕན་ལས་གནས་བཀོད་སྒྲིག་བྱེད་པ་སོགས་སྤྱི་ཚོགས་འགན་སྲུང་གི་ཐ་སྐྱོང་བྱ་ཐབས་སྤྱད་ཡོད། སྤྱིར་བཏང་དུད་ཚང་དབུལ་པོར་ལས་ཞུགས་ངོ་སྤྲོད་བྱེད་པ་དང་། རྩལ་ནུས་གསོ་སྦྱོང་བྱེད་པ། གྲོང་ཚོའི་མཉམ་སྡེབ་ལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལས་གྲྭ་འགན་གཙང་ལེན་རོགས་བྱེད་པ་སོགས་ཀྱི་ཐབས་ལ་བརྟེན་ནས་དབུལ་སྒྲོལ་ཡོང་བར་རོགས་རམ་བྱས་ཡོད།

བདེ་ཆེན་གྲོང་རྡལ་གྱི་ཏང་ཨུད་ཧྲུའུ་ཅི་བློ་བཟང་ཚེ་རིང་གིས“བསམ་བློར་འགྱུར་ལྡོག་ཕྱིན་པ་ནི་བདེ་ཆེན་གྲོང་ཚོའི་མི་སེར་ཕྱུག་པོའི་ལམ་དུ་བསྐྱོད་ཐུབ་པའི་རྒྱུ་མཚན་གཙོ་བོ་དེ་རེད། ‘ལས་བརྩོན་ཕྱུག་འགྱུར་བྱེད་པར་སྔོན་ལ་སློབ་གསོ་གཏོང་དགོས’ཞེས་པ་དེ་ད་ཆ་གྲོང་མི་ཚོའི་ཐུན་མོང་གི་ངོས་འཛིན་ལ་གྱུར་ཏེ། མི་སེར་ཚོའི་རང་བརྟེན་དབུལ་སྒྲོལ་བྱེད་པའི་ནང་སྐྱེས་སྒུལ་ཤུགས་ཟམ་མི་ཆད་པར་ཆེ་རུ་འགྲོ་བཞིན་ཡོད”ཅེས་བརྗོད།

དུས་ཚོད་ནི་ཆུ་མོའི་རྒྱུན་དང་འདྲ་ནའང་སྔར་སོང་གི་དཀའ་སྡུག་དག་དྲན་པའི་ངོས་སུ་གསལ་ལེར་གནས། འོན་ཀྱང་དེང་གི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ལ་རྣམ་རྒྱལ་ཧང་སངས་ཤིང་ཁོང་གིས“ད་ཆ་ཟས་གོས་སྡོད་གསུམ་ལ་སེམས་ཁྲལ་མི་འདུག ང་དང་བཟའ་ཟླར་སྨན་བཅོས་འགན་བཅོལ་ཡོད་པས། ནད་གཞི་ལྟ་བར་སྤྱིར་ན་སྨན་རིན་སྤྲོད་དགོས་ཀྱི་མི་འདུག ཚ་བོའི་སློབ་ཡོན་ཡང་རྒྱལ་ཁབ་ནས་སྤྲོད་ཀྱི་འདུག་པས་འཚོ་བ་ཧ་ཅང་སྐྱིད་པོ་འདུག ད་ཆ་ངའི་རེ་བ་ཆེ་ཤོས་ནི་ཚ་བོ་ཚོས་སློབ་སྦྱོང་ཡག་པོ་བྱས་ཏེ་ཆེན་པོ་ཆགས་རྗེས་འཇོན་ཐང་ཆེ་བའི་མི་ཞིག་ལ་འགྱུར་ན་སྙམ་གྱི་འདུག”ཅེས་བརྗོད།

(ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གློག་འཕྲིན)