《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月25日

གཞོན་སྐྱེས་སྨན་པ་ལོའོ་ཧྭ་ནན་ས་མཐོ་ནས་ཕྱིར་ལོག་མ་ཐག་སླར་ཡང་ཝུའུ་ཧན་དམག་འཐབ་ནང་ཞུགས་ཏེ་གང་ལ་དགོས་མཁོ་ཡོད་ཚེ་དེ་རུ་བསྐྱོད་པ།

ཟླ་2ཚེས་8ཉིན་གྱི་དགོང་མོར། ཤིས་ཨན་འགྲིམ་འགྲུལ་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་གཉིས་པའི་སྨན་དོན་མི་སྣ་130ལས་གྲུབ་པའི་ཧུའུ་པེར་རོགས་སྐྱོར་རྒྱལ་ཁབ་ཀྱི་སྨན་བཅོས་རུ་ཁག་ཝུའུ་ཧན་དུ་འབྱོར་བ་མ་ཟད། ཆུ་ཚོད་24ཡི་ནང་ཧྭ་ཀྲུང་ཚན་རྩལ་སློབ་ཆེན་ཐུང་ཅིས་སྨན་ཁང་ཀྲུང་ཧྥ་ཤིན་ཁྲེང་སྨན་ཁང་གི་སྟར་པ་Cཡི་ཐོག་བརྩེགས་10པའི་ནད་ཁུལ་ནུབ་མ་དོ་དམ་བྱེད་པའི་བཀའ་དང་ལེན་བྱས།

“ཧྭ་ནན། ཁྱེད་ཚོའི་ཚོགས་ཆུང་ཁག་དང་པོར་སྐྱོད་དགོས་པས། གཟུགས་པོ་སྣང་དག་མི་འདུག་གམ”ཞེས་དཔུང་ཁག་གི་སྣེ་ཁྲིད་པ་ཁུང་ཧྲོའུ་ཕིང་གིས་ཐུགས་ཁུར་བྱེད་བཞིན་དེ་ལྟར་བརྗོད། ཁོང་གིས་ལོའོ་ཧྭ་ནན་བོད་སྐྱོར་ནས་མར་སླེབས་ཙམ་ཡིན་པ་ཧ་གོ་གི་ཡོད།

“སྣང་དག་མི་འདུག”ཅེས་བརྗོད་བཞིན་ཚོགས་ཆུང་གི་ཙུང་ཀྲང་ལོའོ་ཧྭ་ནན་གྱིས་ཐེ་ཚོམ་སྤུ་ཙམ་མེད་པར་སྨན་པ་གཞན་དག་5དང་སྨན་གཡོག་མ་8དང་མཉམ་དུ་ནད་ཁུལ་དུ་བསྐྱོད། ཏོག་གསར་གློ་ཚད་ཀྱི་ནད་ཁུལ་འདི་ནི་ནད་ཁང་དཀྱུས་མ་སྒྱུར་བཀོད་བྱས་པ་ཞིག་ཡིན་པ་དང་། ནད་ཁྲི་50ཡོད་པར་ནད་པ་48སྨན་ཁང་དུ་ཉར་ནས་སྨན་བཅོས་བྱེད་པ་ལས་མང་ཆེ་བ་ནི་ཚབས་ཆེའི་ནད་པ་དང་ཉེན་ཚབས་ཆེ་བའི་ནད་པ་རེད།

ཁོང་གནས་སའི་སྨན་བཅོས་ཚོགས་ཆུང་གིས་དེ་སྔ་ICUནས་སྤོས་པའི་ཉེན་ཚབས་ཆེ་བའི་ནད་པ་སྐྱོབ་བཅོས་ཀྱི་འགན་འཁུར་མྱོང་ཡོད་པ་དང་། ནད་པ་དེ་ལོ་55ཡིན་པ་དང་། མཁལ་མ་སྤོ་འཛུགས་བྱེད་མྱོང་ཡོད་ལ། མཁལ་མའི་གཅོང་ནད་ཡོད་པ་དང་། གཅིན་སྙི་ཟགས་ཁུའི་ནད་དང་། སྙིང་ནད། ཁྲག་ཤེད་མཐོ་བའི་ནད་བཅས་ཕོག་ནས་ནད་གཞི་རྙོག་འཛིང་ཆེན་པོ་ཡོད། ལོའོ་ཧྭ་ནན་དང་ཁོང་གི་ལས་རོགས་ཚོས་སྨན་བཅོས་རུ་ཁག་གི་རིགས་གཅིག་མཁས་ཅན་དང་མཉམ་དུ་ནད་བརྟག་བྱས་པ་མ་ཟད། ནད་གཞིར་རྒྱུས་ལོན་ཡག་པོ་བྱེད་པ་དང་ནད་པའི་སེམས་ཁྲལ་སེལ་ཆེད་ཁོང་ཚོས་ད་དུང་ནད་པར་མཁལ་མ་སྤོ་འཛུགས་བྱེད་མཁན་གྱི་གཙོ་སྐྱོང་སྨན་པར་ཡང་འབྲེལ་གཏུག་བྱས་པ་རེད།

“ང་རང་ཝུའུ་ཧན་ཚན་རྩལ་སློབ་ཆེན་དུ་སློབ་སྦྱོང་ལོ་ལྔ་ཙམ་བྱེད་མྱོང་ཡོད་པས་ཝུའུ་ཧན་གྱི་སྐད་གོ་ཡི་འདུག”ཅེས་ལོའོ་ཧྭ་ནན་གྱིས་ངང་རྒྱུད་རིང་པོས་ནད་པས་རང་གི་མྱོང་བརྒྱུད་དང་། སེམས་ཁྲལ། དགོས་མཁོ་བཅས་བརྗོད་པར་ཉན་པ་དང་། ཁོང་གིས་ནད་པར་མཁལ་མ་སྤོ་འཛུགས་དང་ཏོག་གསར་གློ་ཚད་སྨན་བཅོས་ཀྱི་འགལ་བ་དོ་སྙོམས་ཇི་ལྟར་ཡོང་ཐུབ་པ་བྱེད་དགོས་མིན་འགྲེལ་བཤད་བརྒྱབ་པས། ནད་པས་མཐར་སྨན་བཅོས་ཇུས་གཞི་དང་ལེན་བྱས་པ་དང་། སྨན་བཅོས་ཀྱི་ཕན་འབྲས་མངོན་གསལ་དོད་དུ་ཕྱིན་རྗེས་ནད་པས་གཞོགས་འདེགས་བྱེད་ཚད་ཀྱང་ཇེ་ལེགས་སུ་ཕྱིན།

ཟླ་3ཚེས་2ཉིན། ལོའོ་ཧྭ་ནན་གྱིས་ནད་ཁང་བཤེར་སྐབས་ལོ་77ལ་སླེབས་པའི་རྨོ་བོ་ཡཱན་ལགས་སེམས་པ་སྐྱིད་པོ་མེད་པ་ཤེས་ནས་སྐད་ཆ་དྲིས་པ་བརྒྱུད་རྒན་མོའི་ཁ་པར་གྱི་གློག་རྫོགས་པ་དང་། གློག་གསོག་ཡོ་ཆས་ཁྱེར་མེད་པས་ནང་མི་དང་འབྲེལ་གཏུག་བྱེད་མ་ཐུབ་པར་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་། “ཁ་པར་དེ་རིགས་ཀྱི་གློག་གསོག་ཡོ་ཆས་སུ་ལ་ཡོད་དམ”ཞེས་ལོའོ་ཧྭ་ནན་གྱིས་སྨན་བཅོས་རུ་ཁག་གི་ཚོགས་པའི་ནང་རོགས་སྐྱོར་གྱི་ཆ་འཕྲིན་བཏང་ནས་རྒན་མོར་གློག་གསོག་ཡོ་ཆས་ཤིག་བཙལ་རོགས་བྱས་པར་རྒན་མོ་དགའ་ཐག་ཆོད་པ་རེད།

ངང་རྒྱུད་རིང་བའི་ལོའོ་ཧྭ་ནན་གྱིས་ད་དུང་ནད་ཐོ་འབྲི་བའི་སྐབས་ཟླ་3ཚེས་3ཉིན་ནི་རྨོ་བོ་ཡཱན་ལགས་ཀྱི་སྐྱེ་སྐར་ཡིན་པ་ཤེས་རྟོགས་བྱུང་བས། འཕྲལ་མར་ཁོང་ལ་སྐྱེ་སྐར་གྱི་སྒོ་ངའི་བག་ལེབ་ཅིག་མངགས་ཉོ་བྱས་པ་དང་། ལས་ཐག་བཅད་རྗེས་ཁོང་གིས་སྨན་བཅོས་རུ་ཁག་གི་འཚོ་བའི་མཁོ་ཆས་ནས་ལུག་ཤའི་བག་ལེབ་དང་ལ་ཕིང་གྲང་མོ་སོགས་ཧྲའན་ཤིས་ཀྱི་ཁྱད་ཆོས་ལྡན་པའི་ལག་རྟགས་གྲ་སྒྲིག་བྱས་པ་མ་ཟད། ད་དུང་སྨན་བཅོས་རུ་ཁག་གི་སྣེ་ཁྲིད་པ་སྐད་བཏང་སྟེ་སྐྱེ་སྐར་གྱི་ཤིས་ཚིག་འབྲི་རོགས་ཞེས་བརྗོད། ཚང་མས་སྐྱེ་སྐར་ལ་རྟེན་འབྲེལ་ཞུ་བའི་གཞས་གཏོང་དུས་ཁོང་གི་མིག་ལ་མཆི་ཞག་འཁོར་བཞིན་ནང་མིར་ཁ་པར་བརྒྱབ་སྟེ“སྨན་པ་དང་སྨན་གཡོག་གིས་ང་ལ་སྐྱེ་སྐར་བཏང་བྱུང་། ཁྱེད་ཚོ་བློ་བདེ་པོ་བྱོས། ཁོང་ཚོས་ཁྱེད་ཚོ་ནང་བཞིན་ང་ལ་ལྟ་རྟོགས་ཡག་པོ་བྱེད་ཀྱི་འདུག”ཅེས་བརྗོད།

ཉིན་བཞིའི་རྗེས་སུ་ལོའོ་ཧྭ་ནན་རང་ཉིད་ལའང་ལས་རོགས་དང་ནང་མིའི་ལག་རྟགས་འབྱོར་བ་སྟེ། སྐྱེ་སྐར་གྱི་སྒོ་ངའི་བག་ལེབ་དང་ཐུག་པ་དང་། ད་དུང་བུ་མོའི་བརྙན་ལམ་སྟེ། ལོ་བཞིར་སོན་གྲབས་ཡོད་པའི་བུ་མོས་ལག་བྲིས་བརྒྱབ་པའི་འཕྲེད་འགེལ་ཡི་གེ་སྒྲེང་བཞིན“ཀྲུང་གོ་ཤུགས་རྒྱོབ། ཝུའུ་ཧན་ཤུགས་རྒྱོབ། པ་ཕ་ཤུགས་རྒྱོབ། ཚང་མ་ཤུགས་རྒྱོབ”ཅེས་འབོད།

“ཝུའུ་ཧན་དུ་རོགས་སྐྱོར་བྱེད་དུས་ང་རང་ངུ་མྱོང་མེད། འོན་ཀྱང་ཧ་གོ་དོན་རྟོགས་ཆེ་བའི་བུ་མོ་དང་ང་རང་ལ་རྒྱབ་སྐྱོར་བྱེད་མཁན་གྱི་བཟའ་ཟླ་མཐོང་སྐབས། རང་དབང་མེད་པར་མིག་ཆུ་ཤོར་བྱུང་། རིམས་ནད་མཇུག་འགྲིལ་རྗེས་ངས་ཁོང་གཉིས་ཁྲིད་ནས་ཝུའུ་ཧན་ལ་ངེས་པར་དུ་ཡོང་གི་ཡིན། མ་ཡུམ་སློབ་གྲྭར་ལོག་པ་དང་། ཧོང་ཧེ་ཐོག་མཁར་ལ་འཛེགས་པ། མེ་ཏོག་དབྱིང་ཧྭ་ལ་ལྟ་བ་བཅས་བྱེད་ཀྱི་ཡིན”ཞེས་ལོའོ་ཧྭ་ནན་གྱིས་བརྗོད།

ཝུའུ་ཧན་ལ་རོགས་སྐྱོར་བྱེད་པའི་ཉིན་40ཡི་རིང་དུ་ཤིས་ཨན་འགྲིམ་འགྲུལ་སློབ་ཆེན་ཞོར་གཏོགས་སྨན་ཁང་གཉིས་པའི་ཧུའུ་པེར་རོགས་སྐྱོར་རྒྱལ་ཁབ་སྨན་བཅོས་རུ་ཁག་གིས་རིམ་རྩིས་བྱས་ན་ནད་པ་89སྐྱོབ་བཅོས་བྱས་པ་དང་། ནད་པ་68དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་ཡོད། ལོའོ་ཧྭ་ནན་གྱིས“ཉེ་བའི་ཉིན་འགའི་རིང་དུ་ནད་པ་10སྔ་རྗེས་སུ་སྨན་ཁང་ནས་འདོན་རྒྱུ་ཡིན་པ་དང་། ཟླ་མཇུག་གོང་དུ་ང་ཚོའི་ནད་ཁུལ་དུ་ནད་པ་མེད་པར་འགྱུར་རྒྱུ་རེད”ཅེས་བརྗོད།

ཤིན་ཧྭ་གསར་འགྱུར་ཁང་ཤིས་ཨན་ནས་ཟླ་3ཚེས་23ཉིན་འབྱོར་བའི་གློག་འཕྲིན།

(དབང་སྒྲོལ་སྐྱིད་ཀྱིས་བསྒྱུར། དོན་གྲུབ་ཀྱིས་ཞུས)