《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月25日

བོད་ལྗོངས་མངའ་རིས་ཀྱི་ཉེན་རྟོག་ཕྱོགས་ནས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཐོན་ཁུངས་ལ་གནོད་འཚེ་བཏང་བའི་གྱོད་གཞི་བསྟུད་མར་རྩད་ཆོད་པ།

བོད་ལྗོངས་མངའ་རིས་ཀྱི་ཉེན་རྟོག་ཕྱོགས་ནས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཐོན་ཁུངས་

ལ་གནོད་འཚེ་བཏང་བའི་གྱོད་གཞི་

བསྟུད་མར་རྩད་ཆོད་པ།

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་3ཚེས་23ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་བོད་ལྗོངས་མངའ་རིས་ས་ཁུལ་སྤྱི་བདེ་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། ཉེ་དུས་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་གི་ཉེན་རྟོག་ཕྱོགས་ཀྱིས་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་འབྲེལ་བ་ཡོད་པའི་ཉེས་དོན་གྱོད་གཞི་2བདེ་བླག་ངང་མྱུལ་ཞིབ་བྱས་ནས་ཐག་གཅོད་བྱས་པ་དང་། སྲིད་འཛིན་གྱོད་གཞི་1ཞིབ་བཤེར་ཐག་གཅོད་བྱས་པ། ཁྲིམས་འགལ་ཉེས་གསོག་དོགས་ཅན་10བཟུང་བ། གཙོད་ཀྱི་མགོ་3དང་། གཙོད་ཀྱི་ལྤགས་པ་25 གཙོད་ཀྱི་ལྤགས་པ་རལ་པ་45བཅས་རྩད་ཆོད་པ་རེད།

ཟླ་3པ་ནས་བཟུང་། མངའ་རིས་ས་ཁུལ་སྒེར་རྩེ་རྫོང་སྤྱི་བདེ་ཅུས་ཀྱིས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཐོན་ཁུངས་ལ་གནོད་འཚེ་བཏང་བའི་གྱོད་གཞི་བསྟུད་མར་རྩད་ཆོད་པ་རེད། ཉེན་རྟོག་ཕྱོགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། མངའ་རིས་ས་ཁུལ་སྒེར་རྩེ་རྫོང་སྤྱི་བདེ་ཅུས་ཀྱིས་ཟླ་3ཚེས་12ཉིན་གཙོད་རྔོན་གསོད་ཀྱི་ཁྲིམས་འགལ་ཉེས་གསོག་གི་གྱོད་གཞི་ཅིག་བདེ་བླག་ངང་རྩད་ཆོད་པ་མ་ཟད། ཉེས་གསོག་དོགས་ཅན་རྒྱལ་ཆེ་གེ་མོ་བཟུང་བ་རེད། འདྲི་རྩད་བྱས་པ་བརྒྱུད་2018ལོའི་ལོ་མཇུག་ནས་2019ལོའི་ལོ་འགོ་བར་ཉེས་གསོག་དོགས་ཅན་རྒྱལ་ཆེ་གེ་མོས་སྒེར་རྩེ་རྫོང་བྲག་པོ་ཤང་མ་མོ་གྲོ་མོ་གྲོང་ཚོའི་མངའ་ཁོངས་སུ་སྦག་སྦག་གིས་གཙོད་རྗེས་འདེད་བཏང་བ་མ་ཟད། གཙོད་3བཟུང་ནས་བསད་པ་རེད།

དེ་དང་ཆབས་ཅིག་སྒེར་རྩེ་རྫོང་ཉེན་རྟོག་ཕྱོགས་ཀྱིས་ནགས་ཚལ་སྤྱི་བདེ་སོགས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་བྲག་པོ་ཤང་རྩ་མེ་རིང་གྲོང་ཚོ་ནས་ཁྲིམས་འགལ་ངང་རྩ་ཆེ་ལ་སྟོངས་ཉེར་ཡོད་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་རྔོན་པ་དང་། གསོད་པ། ཉོ་ཚོང་བྱེད་པ་བཅས་ཀྱི་ཉེས་གསོག་ཚོགས་པ་ཞིག་བདེ་བླག་ངང་བཟུང་བ་རེད། བརྟག་དཔྱད་བྱས་པ་བརྒྱུད་ཉེས་གསོག་དོགས་ཅན་དབང་ཆེ་གེ་མོ་སོགས་མི་6པོས་གཙོད་རྔོན་གསོད་བྱས་ནས་བཙོངས་པའི་ཉེས་གསོག་དོན་དངོས་སྦ་གསང་མེད་པར་ཁས་བླངས་པ་རེད།

མིག་སྔར་གྱོད་གཞི་གཉིས་པོ་སྔར་བས་མྱུལ་ཞིབ་བྱས་ནས་ཐག་གཅོད་བྱེད་བཞིན་ཡོད་པ་རེད། (བསྟན་འཛིན་བཟང་མོས་བསྒྱུར། བདེ་སྐྱིད་དང་བསྟན་བཟང་གིས་ཞུས)