《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月25日

ཏོག་གསར་གློ་ཚད་ལ་ཀྲུང་ལུགས་སྨན་རྫས་ཀྱི་ ཕན་ཡོན་ཐོན་ཚད་90%ཡན་ཟིན་པ།

“ཀྲུང་ལུགས་གསོ་རིག་གིས་ཏོག་གསར་གློ་ཚད་སྐྱོབ་བཅོས་ཁྲོད་ཕྱོགས་ཡོངས་ནས་ཞུགས་པའི་ལས་དོན་ནི་ད་ཐེངས་ཀྱི་རིམས་ནད་འགོག་རྒོལ་ཁྲོད་ཀྱི་བཀྲག་མདངས་འཚེར་ས་ཆེ་ཤོས་ཤིག་རེད” ཟླ་3ཚེས་23ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ཧུའུ་པེ་ཝུའུ་ཧན་དུ་གཉེར་བའི་ཡོངས་བསྒྲགས་བྱེད་སྒོ་ཐེངས་དགུ་པའི་ཐོག་ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་གི་ཁོངས་མི་དང་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཡུས་ཡན་ཧུང་སོགས་ཀྱིས་ཀྲུང་ལུགས་གསོ་རིག་གིས་ཏོག་གསར་གློ་ཚད་འགོག་བཅོས་བྱེད་པའི་ཁྲོད་ཐོན་པའི་ནུས་པ་ངོ་སྤྲོད་བྱས་པ་དང་འབྲེལ་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད།

ཡུས་ཡན་ཧུང་གིས་ངོ་སྤྲོད་བྱས་དོན། སྨན་དོན་མི་སྣའི་ངོས་ནས་བརྗོད་ན། རྒྱལ་ཡོངས་ནས་ཀྲུང་ལུགས་གསོ་རིག་གི་མི་སྣ་4900ལྷག་ཙམ་སྐོང་འཐེན་བྱས་ཏེ་ཧུའུ་པེར་རོགས་སྐྱོར་བྱས་པ་དེས་ཧུའུ་པེར་རོགས་སྐྱོར་བྱེད་མཁན་སྨན་དོན་མི་སྣའི་བསྡོམས་འབོར་གྱི་13%ཙམ་བཟུང་བ་དང་རོགས་སྐྱོར་དཔུང་ཁག་གི་གཞི་ཁྱོན་དང་སྟོབས་ཤུགས་ཆེན་པོ་དེ་ལྟ་བུ་སྔར་བྱུང་མྱོང་མེད་པ་ཞིག་རེད། སྐྱོབ་བཅོས་གནས་ཚུལ་ལས་བལྟས་ན། ནད་གཞི་ཡང་བ་སྨན་བཅོས་དང་སླར་གསོའི་དུས་སྐབས་ཀྱི་སྨན་བཅོས་ཁྲོད་ཀྲུང་ལུགས་གསོ་རིག་གིས་སྔ་ས་ནས་ཞུགས་པ་དང་ནད་གཞི་ལྕི་བ་དང་ནད་གཞི་ཚབས་ཆེན་ལ་ཀྲུང་ལུགས་དང་ནུབ་ལུགས་གསོ་རིག་ཟུང་འབྲེལ་བྱས་པས་ནད་གཞི་ཞི་ལྷོད་དུ་ནུས་ལྡན་གཏོང་ཐུབ་ཡོད།

གྲངས་གཞི་ལས་མངོན་གསལ། མིག་སྔའི་བར་རྒྱལ་ཡོངས་ཀྱི་ཏོག་གསར་གློ་ཚད་ཀྱི་གཏན་འཁེལ་བའི་ནད་དཔེའི་ཁྲོད། ནད་པ་74187ལ་ཀྲུང་ལུགས་གསོ་རིག་གི་སྨན་བཅོས་བྱས་པ་དེས་91.5%བཟུང་བའི་ནང་ཧུའུ་པེ་ཞིང་ཆེན་གྱི་ནད་པ་61449ལ་ཀྲུང་ལུགས་གསོ་རིག་གི་སྨན་བཅོས་བྱས་པ་དེས་90.6%ཟིན་ཡོད། ནད་ཐོག་སྨན་བཅོས་ནུས་པར་ལྟ་ཞིབ་བྱས་པ་ལས་ཀྲུང་ལུགས་གསོ་རིག་གི་སྨན་རྫས་ནུས་པ་ཐོན་ཚད་90%ཡན་ཟིན་པ་མངོན་གྱི་ཡོད་པ་རེད། ཡུས་ཡན་ཧུང་གིས“གོང་གསལ་ལས་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱིས་ནད་རྟགས་ཞི་ལྷོད་དུ་གཏོང་ཐུབ་པ་དང་། ནད་གཞི་ཡང་བ་དང་དཀྱུས་མ་ནད་གཞི་ལྕི་བར་མི་འགྱུར་སྔོན་འགོག་ཐུབ་པ། དྲག་སྐྱེད་ཐུབ་ཚད་མང་དུ་དང་འཆི་ཚད་ཉུང་དུ་གཏོང་ཐུབ་པ། དྲག་སྐྱེད་ཡོང་བཞིན་པའི་མི་ཚོགས་ཀྱི་ལུས་ཟུངས་སླར་གསོ་ཐུབ་པར་ཕན་ཐོགས་ཡོད་པ་བཅས་གསལ་བཤད་ཐུབ་ཡོད”ཅེས་བཤད་པ་རེད།

ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་དང་ཐེན་ཅིན་ཀྲུང་ལུགས་གསོ་རིག་སློབ་ཆེན་གྱི་སློབ་སྤྱི་ཀྲང་པོ་ལི་ཡིས་ཅང་ཞ་སྟབས་བསྟུན་སྨན་ཁང་ལ་དཔེ་མཚོན་ན། ཀྲུང་ལུགས་གསོ་རིག་གཙོ་བོར་བྱས་པའི་ཀྲུང་ལུགས་དང་ནུབ་ལུགས་ཟུང་འབྲེལ་སྨན་བཅོས་བྱས་རྗེས་ནད་པ་564ཚང་མ་ནད་གཞི་ལྕི་རུ་ཕྱིན་མེད། བྱེད་ཐབས་དེ་སྟབས་བསྟུན་སྨན་ཁང་གཞན་དག་ལ་ཁྱབ་གདལ་བཏང་རྗེས་ནད་གཞི་ལྕི་རུ་འགྲོ་ཚད་2%ནས་5%བར་མངོན་གསལ་དོད་པོས་ཆག་སྟེ་རིམས་ནད་འགོག་བཅོས་བྱེད་པའི་འགག་རྩར་གྱུར་ཡོད་ཅེས་བཤད་པ་རེད།

མིག་སྔར་ཧུའུ་པེ་དང་ཝུའུ་ཧན་གྱི་སྨན་ཁང་དུ་ཡོད་མུས་ཀྱི་ཏོག་གསར་གློ་ཚད་ཕོག་པའི་ནད་པ་མངོན་གསལ་དོད་པོས་ཉུང་དུ་ཕྱིན་པ་དང་ཉེན་ཁ་ཆེ་བ་དང་ནད་གཞི་ཚབས་ཆེན་སྐྱོབ་བཅོས་བྱ་རྒྱུ་ནི་ནད་པ་འཆི་ཚད་ཉུང་དུ་གཏོང་བའི་ལྷུ་ཚིགས་གལ་ཆེན་ཞིག་ཡིན། དེས་ན་ཀྲུང་ལུགས་དང་ནུབ་ལུགས་གསོ་རིག་ཟུང་འབྲེལ་གྱི་སྐྱོབ་བཅོས་བྱེད་ཐབས་ལ་བརྟེན་ནས་འཆི་ཚད་ཉུང་དུ་གཏོང་བའི་ཉམས་མྱོང་རིམ་བཞིན་བསགས་ཡོད་པ་རེད། པེ་ཅིང་ཀྲུང་ལུགས་གསོ་རིག་སྨན་ཁང་གི་ཡོན་ཀྲང་ལིའུ་ཆིང་ཆོན་གྱིས་ཀྲུང་ལུགས་དང་ནུབ་ལུགས་གསོ་རིག་ཟུང་འབྲེལ་གྱིས་སྐོར་སྐྱོད་སྨན་བཅོས་བྱེད་རིང་ནུབ་ལུགས་གསོ་རིག་གིས་སྐྱོབ་བཅོས་ཀྱི་ཚད་ལྡན་ཅན་སྨན་བཅོས་ཐད་གཙོ་གནད་དུ་ཤུགས་བརྒྱབ་པ་དང་ཀྲུང་ལུགས་གསོ་རིག་གིས་རྩ་ཁབ་སོགས་སྨན་བཅོས་བྱ་ཐབས་སྤྱད་དེ་ཟུངས་ཁྲག་གི་གསོ་རླུང་ལྡང་ཚད་བརྟན་པོ་ཡོང་བ་བྱེད་པ་སོགས་ནས་སྐྱོབ་བཅོས་བྱེད་ཅིང་། སྨན་བཅོས་བྱེད་ཐབས་དེ་གཉིས་པོ་ཟུང་འབྲེལ་ཡག་པོ་དང་དགེ་སྐྱོན་གསབ་རེས་བྱེད་པར་བརྟེན་ནས་འཆི་ཚད་ཉུང་དུ་གཏོང་གི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

རིམས་ནད་འཕེལ་རིམ་གྱི་དུས་མཚམས་མི་འདྲ་བ་སླེབས་པ་དང་། ལྷག་པར་དུ་དེང་སྐབས་རིམས་ནད་གོ་ལ་ཧྲིལ་པོར་ཁྱབ་ཆེན་པོ་མཆེད་པའི་དུས་འདིར་སྤྱི་ཚོགས་ཡོངས་ཀྱིས་ཀྲུང་ལུགས་གསོ་རིག་གི་ཀྲུང་གོའི་ཉམས་མྱོང་ལས་འཛམ་གླིང་ལ་ནུས་པ་ཇི་འདྲ་ཐོན་རྒྱུར་དོ་ཁུར་ཆེན་པོ་བྱེད་བཞིན་ཡོད།

དེའི་ཐད་ཡུས་ཡན་ཧུང་གིས་མིག་སྔར་ཀྲུང་གོས་སྐྱོབ་བཅོས་ཉམས་མྱོང་མཉམ་སྤྱོད་དང་། ཀྲུང་ལུགས་སྨན་རྫས་ཞལ་འདེབས་རྒྱག་པ། ཀྲུང་ལུགས་གསོ་རིག་གི་སྨན་པ་མངག་པ་སོགས་ཀྱི་འབྲེལ་ཡོད་ལས་དོན་སྤེལ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྒྱལ་སྤྱིའི་མཉམ་ལས་ཁྲོད་ཞུགས་བཞིན་ཡོད། “ཕྱོགས་གཅིག་ནས་རང་འགུལ་ངང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་མཉམ་ལས་བྱས་ཏེ་ཀྲུང་གོའི་ཏོག་གསར་གློ་ཚད་ཀྱི་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་སྨན་བཅོས་ཇུས་གཞི་གསར་ཤོས་དབྱིན་ཡིག་ཏུ་བསྒྱུར་བ་དང་འབྲེལ། རྒྱང་ཁྲིད་བརྙན་ལམ་བརྒྱུད་སྤེལ་རེས་བྱས་ཏེ་ལག་རྩལ་ཇུས་གཞི་མཁོ་འདོན་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་པ་དང་། ཕྱོགས་གཞན་ཞིག་ནས་ཀྲུང་གོའི་འབྲེལ་ཡོད་རྩ་འཛུགས་དང་སྒྲིག་གཞིས་དབྱི་ཐ་ལི་དང་ཧྥ་རན་སེ་སོགས་རྒྱལ་ཁབ་དང་ས་ཁུལ་བཅུ་ལྷག་ཙམ་ལ་ཀྲུང་ལུགས་སྨན་རྫས་རིལ་བུ་དང་། སྨན་ཐང་། གསེར་ཁབ་སོགས་སྨན་རྫས་དང་སྨན་བཅོས་ཡོ་ཆས་ཞལ་འདེབས་བརྒྱབ་པ་དང་དུས་མཚུངས་དབྱི་ཐ་ལི་དང་ཁམ་ཕུ་ཁྲེར་ཀྲུང་ལུགས་གསོ་རིག་རིགས་གཅིག་མཁས་ཅན་རིམས་འགོག་བྱེད་པར་མངགས་པས་ཕན་འབྲས་ཡག་པོ་ཐོན་ཡོད”ཅེས་ལན་བཏབ་པ་རེད།

(བསོད་ནམས་བདེ་སྐྱིད་ཀྱིས་བསྒྱུར། བསོད་བདེ་དང་ཚེ་ཁོས་ཞུས)