《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月25日

ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་གིས་བསྟན་དོན།

རིམས་ནད་སྔོན་འགོག་ཚོད་འཛིན་ལ་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་རྒྱུན་གཏན་གྱི་སྨན་བཅོས་སྒྲིག་ལམ་གོ་རིམ་ལྡན་པའི་སྒོ་ནས་སླར་གསོ་བྱེད་དགོས།

ཤིན་ཧྭ་གསར་འགྱུར་ཁང་ཝུའུ་ཧན་ནས་གློག་འཕྲིན་འབྱོར་གསལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་བཀོད་སྒྲིག་དོན་འཁྱོལ་བྱ་ཆེད། ཚེས་23ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་སུན་ཁྲུན་ལན་གྱིས་ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་གི་སྣེ་འཁྲིད་དེ་སྔ་རྗེས་སུ་ཧུའུ་པེ་ཞིང་ཆེན་མ་བུ་བདེ་སྲུང་སྨན་ཁང་དང་། ཝུའུ་ཧན་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པའི་ཧྲོའུ་དབྱི་སྨན་ཁང་ཁུལ། ཝུའུ་ཧན་གྲོང་ཁྱེར་ཧྲུའེ་ཀོ་ཧུའུ་ཁྲོམ་གཞུང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་བཅས་སུ་ཕེབས་ནས། རྒྱུན་གཏན་གྱི་སྨན་བཅོས་སྒྲིག་ལམ་གོ་རིམ་ལྡན་པའི་སྒོ་ནས་སླར་གསོ་དང་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་བརྟག་ཞིབ་དང་མཛུབ་ཁྲིད་གནང་བ་རེད།

སུན་ཁྲུན་ལན་གྱིས་ནད་ཁང་གི་སྒྲིག་བཀོད་ལ་གཟིགས་པ་དང་། འཐབ་ས་དང་པོའི་སྨན་དོན་མི་སྣར་གཟིགས་པ་དང་འཚམས་འདྲི་གནང་བ། རྒྱུན་གཏན་གྱི་སྨན་བཅོས་སྒྲིག་ལམ་གོ་རིམ་ལྡན་པའི་སྒོ་ནས་སླར་གསོ་བྱེད་པའི་སྨན་ཁང་གི་གནས་ཚུལ་སྙན་ཞུ་གསན་པ། སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན་དང་སྐྱོབ་བཅོས་གནས་ཚུལ་དང་དྲ་སྦྲེལ་སྨན་བཅོས་ཞབས་ཞུའི་ཞིབ་ཕྲའི་བྱེད་ཐབས་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་མིག་སྔར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་རྒྱུན་མཐུད་ལེགས་སུ་འགྲོ་བཞིན་ཡོད་པས། སྔོན་འགོག་ཚོད་འཛིན་དང་སྐྱོབ་བཅོས་ལ་དམ་འཛིན་ནན་པོ་དང་། ཏན་ཏིག ཞིབ་ཕྲ་བཅས་བྱེད་པའི་རྨང་གཞིའི་ཐོག་ཏོག་གསར་གློ་ཚད་ཕོག་མེད་པའི་ནད་པའི་སྨན་བཅོས་སྐྱོབ་བཅོས་ལས་དོན་སྤྱི་འདོམས་ཡག་པོ་བསྒྲུབས་ཏེ་སྨན་བཅོས་སྒྲིག་གཞིའི་ནུས་པ་དང་། ངེས་གནས། རིགས་ཁག་བཅས་ལ་གཞིགས་ནས། ནད་བརྟག་སྨན་བཅོས་ཀྱི་ཞབས་ཞུ་དུས་ཐོག་ཏུ་གོ་རིམ་ལྡན་པའི་ངང་སླར་གསོ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཡོང་བའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

སུན་ཁྲུན་ལན་གྱིས་སྨན་བཅོས་ཐོན་ཁུངས་དང་སྨན་དོན་སྟོབས་ཤུགས་སྤྱི་འདོམས་བཀོད་སྒྲིག་ལ་ཤུགས་སྣོན་བརྒྱབ་སྟེ་སྔོན་འགོག་དང་ཞིབ་བཤེར་རིམ་དབྱེའི་སྨན་བཅོས་བྱེད་པ་དང་རིགས་དབྱེ་སྐྱོབ་བཅོས་ཡག་པོ་བྱས་ནས་ཏོག་གསར་གློ་ཚད་ཕོག་མེད་པའི་ནད་པའི་སྨན་བཅོས་ཀྱི་བདེ་འཇགས་འགན་ལེན་བྱེད་དགོས། ཞིབ་ཚགས་ཅན་གྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་སྨན་བཅོས་ཞབས་ཞུའི་བྱེད་ཐབས་ལེགས་སུ་བཏང་སྟེ་འབྲེལ་ཡོད་ཚན་ཁག་གི་རྒྱུན་གཏན་གྱི་ནད་བརྟག་སྨན་བཅོས་ཀྱི་ཞབས་ཞུ་གོ་རིམ་ལྡན་པའི་ངང་སྒྲུབ་པ་དང་སྦྲུམ་མ་དང་ཕྲུ་གུ་སྐྱེས་མ་ཐག་གི་སྐྱེད་མ་དང་། ཕྲུ་གུ་དམར་འབྱར། རྒན་རྒོན་སོགས་དམིགས་བསལ་ཚོགས་སྤྱིའི་སྨན་བཅོས་འགན་ལེན་ལས་དོན་སྔར་བས་ཡག་པོ་བསྒྲུབ་སྟེ་ནད་པའི་སྨན་བཅོས་ཀྱི་དགོས་མཁོ་སྐོང་དགོས། “དྲ་སྦྲེལ་དང་སྨན་བཅོས་ཟུང་དུ་འབྲེལ་རྒྱུར”སྐུལ་ལྕག་བྱས་ནས་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ནུས་པ་རིམ་བཞིན་སླར་གསོ་བྱས་ཏེ་བརྟག་དཔྱད་དང་སྨན་བཅོས་ཇུས་གཞི་ཁ་གསལ་གྱི་ནད་པ་གཞི་རིམ་གྱི་སྨན་བཅོས་སྒྲིག་གཞིའི་ཐག་ཉེ་སར་སྨན་བཅོས་བྱ་རྒྱུར་ཁྲིད་སྟོན་བྱེད་པ་དང་། རིམ་དབྱེའི་ནད་བརྟག་སྨན་བཅོས་དང་ཁྱིམ་ཚང་གི་སྨན་པའི་སྡེ་ཁུལ་གྱི་བདེ་ཐང་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་པ། སྡེ་ཁུལ་གྱི་མང་ཚོགས་ཀྱི་སེམས་ཁམས་བདེ་ཐང་སློབ་གསོ་ཡག་པོ་རྒྱག་པ། སྨན་བཅོས་དང་འགོག་སྲུང་ཟུང་འབྲེལ་བྱ་རྒྱུ་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། རྒྱལ་གཅེས་འཕྲོད་བསྟེན་ལུས་རྩལ་དང་བདེ་ཐང་ཀྲུང་གོའི་བྱ་སྤྱོད་ཟུང་འབྲེལ་ནུས་ལྡན་དང་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

(བདེ་སྐྱིད་དང་བསྟན་བཟང་གིས་སྒྱུར་ཞུས་བྱས)