《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月23日

ཀྲུང་གོས་གོ་ལ་ཧྲིལ་པོས་རིམས་ནད་ལ་འགོག་རྒོལ་བྱ་ཆེད་རྩ་ཆེའི་དུས་ཚོད་བརྩོན་ལེན་བྱས་པ་ལས་རྒྱལ་སྤྱིའི་འགན་འཁྲིའི་བསམ་པ་མཚོན་པ།

—— ཧིན་རྡུ་ཉི་ཞི་ཡའི《ཅ་ཁར་ཐ་སྦྲག་སྲིད་ཚགས་པར》ཚོགས་པའི་ཀྲུའུ་ཞི་ཡིའུ་སུའུ་ཕུའུ·ཝ་ནན་ཏིར་བཅར་འདྲི་བྱས་པ།

“ཀྲུང་གོས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པར་དགེ་མཚན་ལྡན་པའི་འཕེལ་རིམ་ཐོན་ཏེ། གོ་ལ་ཧྲིལ་པོས་རིམས་ནད་ལ་འགོག་རྒོལ་བྱ་ཆེད་རྩ་ཆེའི་དུས་ཚོད་བརྩོན་ལེན་བྱས་པ་དེ་ནི། ཀྲུང་གོས་འཛམ་གླིང་ལ་ལེགས་སྐྱེས་ཕུལ་བ་ཞིག་རེད”ཧིན་རྡུ་ཉི་ཞི་ཡའི《ཅ་ཁར་ཐ་སྦྲག་སྲིད་ཚགས་པར》ཚོགས་པའི་ཀྲུའུ་ཞི་ཡིའུ་སུའུ་ཕུའུ·ཝ་ནན་ཏིས་ཉིན་ཤས་གོང་། ཅ་ཁར་ཐར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། དེ་ལྟར་བཤད། ཁོང་གིས་ཀྲུང་གོས་རྒྱལ་ཁབ་གཞན་ལ་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་བཏང་ནས། ཁོང་ཚོས་རིམས་ནད་མཆེད་རྒྱུ་འགོག་ཆེད་རོགས་རམ་བྱས་པ་དེ་ཐོག་ནས། ཀྲུང་གོའི་རྒྱལ་སྤྱིའི་འགན་འཁྲིའི་བསམ་པ་མཚོན་ཡོད་ཅེས་བརྗོད།

ཝ་ནན་ཏིས་ཀྲུང་གོས་རིམས་ནད་ལ་འགོག་རྒོལ་བྱེད་པའི་ནང་མངོན་པའི་སྟོབས་ཤུགས་དང་བློ་སྟོབས་ཆེན་པོར་བསྔགས་བརྗོད་བྱས་ཤིང་། “ཀྲུང་གོས་ནུས་ལྡན་ངང་རིམས་ནད་ཚོད་འཛིན་བྱས་པ་དེ་ནི་རླབས་ཆེན་གྱི་བྱ་སྤྱོད་ཅིག་རེད”ཝ་ནན་ཏིས་ཧིན་རྡུ་ཉི་ཞི་ཡ་ཚུད་པའི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཁག་གཅིག་ལ། མིག་སྔར་ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་རྒྱུར། དཀའ་ངལ་ཆེ་ཙམ་འཕྲད་ཡོད། དཔེར་ན། སྨན་བཅོས་ཀྱི་སྒྲིག་ཆས་དང་ཞིབ་དཔྱད་ཡོ་ཆས་སོགས་མི་འདང་བ་དང་དོགས་ཡོད་ནད་དཔེ་མང་པོ་ཞིག་ལ་ཞིབ་དཔྱད་ཡག་པོ་མ་བྱུང་བའི་གནས་ཚུལ་འཕྲད་ཡོད། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱིས་ཀྲུང་གོ་དང་མཉམ་དུ་མུ་མཐུད་རིམས་ནད་འགོག་རྒོལ་བྱས་ཏེ། གོ་ལ་ཧྲིལ་པོས་མཉམ་ལས་ངང་རིམས་འགོག་བྱ་རྒྱུར་དགེ་མཚན་ལྡན་པའི་མིག་དཔེ་གཏོད་རྒྱུའི་རེ་བ་ཡོད་ཅེས་བཤད།

ཟླ་2ཚེས་20ཉིན་ཏོག་གསར་གློ་ཚད་གནད་དོན་སྐོར་གྱི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་དམིགས་བསལ་གྱི་ཕྱི་འབྲེལ་པུའུ་ཀྲང་གི་ཚོགས་འདུ་དུས་ཐོག་ཏུ་འཚོགས་ཏེ། མཉམ་དུ་ལག་གདང་སྦྲེལ་ནས་རིམས་ནད་ལ་ཁ་གཏད་གཅོག་པའི་ཐུན་མོང་ངོས་འཛིན་གལ་ཆེན་གྲུབ་ཡོད། ཝ་ནན་ཏིས་དེའི་ཐད་ཚད་མཐོའི་བསྔགས་བརྗོད་བྱས་ཤིང་། ཁོང་གིས་དམིགས་བསལ་གྱི་ཕྱི་འབྲེལ་པུའུ་ཀྲང་ཚོགས་འདུས། ཕྱོགས་གཉིས་པོས་མཉམ་དུ་རིམས་ནད་ལ་འགོག་རྒོལ་བྱ་རྒྱུར། ཆབ་སྲིད་ཀྱི་སྒུལ་ཤུགས་མཁོ་འདོན་བྱས་ཡོད། གོམ་སྟབས་རྗེས་མར། ཕྱོགས་གཉིས་པོས་བཅའ་ཁྲིམས་ཀྱི་ལམ་སྲོལ་ཐོག་ནས་དེ་བས་ཞིབ་ཅིང་ཕྲ་བའི་མཉམ་ལས་ཀྱི་གྲོས་མཐུན་འཇོག་དགོས་ཞེས་བརྗོད།

“ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་ཀྱིས་ཀྲུང་གོ་དང་འཕྲོད་བསྟེན་ཁྱབ་ཁོངས་ཐད་མཉམ་ལས་དེ་བས་མང་བ་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད”ཝ་ནན་ཏིས། རིམས་ནད་ཀྱི་མདུན་དུ་རྒྱལ་ཁབ་ཁག་གིས་ཕན་ཚུན་རོགས་རམ་བྱེད་དགོས་ལ། སྲིད་གཞུང་དབར་དང་དམངས་ཚོགས་དབར་ཕན་ཚུན་རོགས་རམ་བྱེད་དགོས། དེ་ཡང་དམངས་ཚོགས་དབར་གྱི་བརྩེ་སེམས་ཟབ་ཏུ་གཏོང་བ་དང་ས་ཁུལ་གྱི་མཉམ་ལས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བའི་གོ་སྐབས་ཤིག་ཀྱང་རེད་ཅེས་བརྗོད།

ཏོག་གསར་གློ་ཚད་རིམས་ནད་ཀྱིས་འཛམ་གླིང་དཔལ་འབྱོར་འཕར་བར་ཤུགས་རྐྱེན་བཟོ་བའི་སྐོར་གླེང་སྐབས། ཝ་ནན་ཏིས་ཀྲུང་གོ་ནི་སྔར་བཞིན་འཛམ་གླིང་གི་དཔལ་འབྱོར་དཀའ་ངལ་ལས་སྒྲོལ་བའི་སྒུལ་ཤུགས་གལ་ཆེན་གྱི་གྲས་ཤིག་ཡིན་པའི་ངོས་འཛིན་བྱས་པ་རེད།

ཝ་ནན་ཏིས་རྒྱལ་སྤྱིའི་མཉམ་ལས་ལམ་སྲོལ་ཞིག་ཡིན་པའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ཁྱབ་ངང་དང་ལེན་བྱས་ཡོད། གོ་ལ་ཧྲིལ་པོའི་དཔལ་འབྱོར་ལ་དཀའ་ངལ་འཕྲད་པའི་རྒྱབ་ལྗོངས་འོག“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་གལ་ཆེའི་རང་བཞིན་དེ་བས་མངོན་པ་དང་ལམ་རྒྱུད་རྒྱལ་ཁབ་ཀྱིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་སྒྲོམ་གཞིའི་འོག་ཀྲུང་གོ་དང་དེ་བཞིན་རྒྱལ་ཁབ་གཞན་དབར་གྱི་དཔལ་འབྱོར་མཉམ་ལས་ལ་དེ་བས་ཤུགས་སྣོན་རྒྱག་དགོས་ཞེས་བརྗོད་པ་རེད།

(པ་སངས་ཀྱིས་བསྒྱུར། པ་སངས་དང་པ་ཕན་གྱིས་ཞུས)