《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月23日

“མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་མཉམ་དུ་དམག་འཐབ་བྱེད”

—— དབྱི་ཐ་ལིར་སྐྱོད་མཁན་ཀྲུང་གོའི་རིམས་འགོག་རིགས་གཅིག་མཁས་ཅན་ ཚོགས་ཆུང་གི་ཁོངས་མི་དབྱང་ཧུའེ་ཁྲོན་ལ་བཅར་འདྲི་ཞུས་པ།

ཉེ་ཆར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་ཀྲུང་གོ་རྒྱ་གྲམ་དམར་རྟགས་ཚོགས་པས་མཉམ་དུ་བཙུགས་པའི་རིམས་འགོག་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་དང་བཅས་པའི་མི་9དབྱི་ཐ་ལིའི་རྒྱལ་ས་རོ་མར་འབྱོར་བ་མ་ཟད། ཀྲུང་གོ་ཕྱོགས་ཀྱིས་ཞལ་འདེབས་ཕུལ་ནས་རོགས་སྐྱོར་བྱས་པའི་སྨན་བཅོས་དངོས་ཟོག་ཁག་གཅིག་འཁྱེར་ཡོད་པ་རེད། རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཁོངས་མི་ཀྲུང་གོ་སྐྱེ་དངོས་ལག་རྩལ་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་གཞོན་པ་དབྱང་ཧུའེ་ཁྲོན་གྱིས་ཚེས་14ཉིན་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། དབྱི་ཐ་ལིའི་ལས་རིགས་ཁག་གིས་ཀྲུང་གོ་ཕྱོགས་ཀྱི་རིམས་འགོག་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་ལ་དགའ་བསུ་ཞུ་གི་འདུག ཀྲུང་གོ་ཕྱོགས་ཀྱི་རིམས་འགོག་ཉམས་མྱོང་གིས་དབྱི་ཐ་ལིར་རོགས་རམ་བྱེད་ཐུབ་རེ་བྱེད་ཀྱི་འདུག་ཅེས་བརྗོད།

དབྱང་ཧུའེ་ཁྲོན་གྱིས“དབྱི་ཐ་ལིར་འབྱོར་བའི་མྱོང་ཚོར་དང་པོ་ནི་དབྱི་ཐ་ལི་བ་ཚོ་ཧ་ཅང་མཛའ་གྲོགས་ལྡན་པ་དང་། མི་ཚང་མས་ང་ཚོར་ཡག་པོ་བྱེད་ཀྱི་འདུག ཨར་ཁང་གི་ཉེ་འགྲམ་དུ་ཟ་ཁང་བཙུགས་པའི་ས་གནས་དེ་གའི་མི་གཉིས་ཀྱིས་ང་ཚོས་རྒྱ་གྲམ་དམར་རྟགས་ཚོགས་པའི་མཚོན་རྟགས་ཡོད་པའི་གྱོན་གོས་གྱོན་ཡོད་པ་མཐོང་དུས་རང་འགུལ་ངང་འདྲི་སྨེད་བཏང་ནས་དགོས་མཁོ་ཡོད་ཚེ་རོགས་རམ་བྱེད་འདོད་ཡོད་ཚུལ་བརྗོད་པས་ང་ཚོར་སེམས་འགུལ་ཆེན་པོ་ཐེབས་བྱུང”ཞེས་བརྗོད།

དབྱང་ཧུའེ་ཁྲོན་གྱིས། རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ཉིན་གཉིས་ཀྱི་དུས་ཚོད་མང་ཆེ་བ། འགོས་ནད་ཀྱི་གནས་གཏན་འཁེལ་གྱི་སྨན་ཁང་དང་རོ་མ་སློབ་ཆེན་ཞོར་གཏོགས་སྨན་ཁང་སོགས་དབྱི་ཐ་ལིའི་སྒྲིག་གཞི་དང་རྩ་འཛུགས་མི་འདྲ་བའི་དབར་སྤེལ་རེས་བྱས་པ་མ་ཟད། ནད་པ་ཁ་ཤས་དང་འབྲེལ་གཏུག་བྱས་པ་ཡིན། “དབྱི་ཐ་ལི་ཕྱོགས་ཀྱིས་ང་ཚོས་རོགས་རམ་བྱེད་པར་ཡོང་རྒྱུའི་རེ་བ་ཆེན་པོ་བྱེད་པ་དང་ང་ཚོ་དང་ཉམས་མྱོང་སྤེལ་རེས་བྱེད་འདོད་ཡོད་པ་ང་ཚོར་མྱོང་ཚོར་བྱུང་། ང་ཚོས་གྲོས་འགོ་དང་བསམ་འཆར་བཏོན་པར་ཁོང་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག”ཅེས་ངོ་སྤྲོད་བྱས།

དབྱང་ཧུའེ་ཁྲོན་གྱིས། དབྱི་ཐ་ལིར་མིག་སྔར་རིམས་ནད་ཛ་དྲག་ཏུ་འགྲོ་བཞིན་པའི་སྐབས་ཡིན་ལ། “ས་གནས་དེ་གའི་མི་སེར་དང་ཡང་ན་སྨན་དོན་མི་སྣ་སུ་ཞིག་ཡིན་རུང་ཚང་མས་ང་ཚོའི་ཉམས་མྱོང་གིས་དབྱི་ཐ་ལིར་རོགས་རམ་བྱེད་ཐུབ་པའི་རེ་བ་བྱེད་ཀྱི་འདུག”ཅེས་བརྗོད།

དབྱང་ཧུའེ་ཁྲོན་གྱིས། རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་གཙོ་གནད་ཐོག་ནང་དོན་གཉིས་ཀྱི་ཐད་ནས་ངོ་སྤྲོད་བྱས་པ་སྟེ། གཅིག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་ལྷག་པར་དུ་སྔ་ཙམ་བཞི(སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་སྙན་ཞུ་འབུལ་བ། སྔ་ཙམ་ལོགས་སུ་འཇོག་པ། སྔ་ཙམ་སྨན་བཅོས)དང་གཅིག་སྡུད་བཞི(ནད་པ་གཅིག་སྡུད་དང་། རིགས་གཅིག་མཁས་ཅན་གཅིག་སྡུད། ཐོན་ཁུངས་གཅིག་སྡུད། སྐྱོབ་བཅོས་གཅིག་སྡུད)དང་། གཉིས་ནས་ནད་བརྟག་སྨན་བཅོས་ཏེ། ནད་གཞི་བརྟག་དཔྱད་བྱེད་ཐབས་ཇི་ལྟར་སྤྱོད་པ་དང་། རིགས་མི་འདྲ་བ་དང་ནད་རྟགས་མི་འདྲ་བའི་ནད་པར་སྨན་བཅོས་ཇི་ལྟར་བྱེད་པ། སྨན་རྫས་གང་ཞིག་བེད་སྤྱོད་བྱེད་པ་བཅས་ཚུད་ཡོད་པ་དང་། ཚང་མས་སྤེལ་རེས་གཏིང་ཟབ་བྱས་ཡོད་ཅེས་བརྗོད།

དབྱང་ཧུའེ་ཁྲོན་གྱིས། ཚེས་14ཉིན་རིགས་གཅིག་མཁས་ཅན་ཚོགས་ཆུང་གྲོང་ཁྱེར་རོ་མ་བརྒྱུད་ནས་འགྲོ་སྐབས། ནམ་རྒྱུན་འཁྲུག་ཆ་དོད་ཤོས་དང་འདུ་འཛི་ཆེ་ཤོས་ཀྱི་ཁུལ་ཚང་མ་ད་ཆ་སྟོང་སང་སང་ཡིན་པ་དང་རླངས་འཁོར་ཡང་ཧ་ཅང་ཉུང་ཉུང་རེད་འདུག དེ་ལས་འགྲུལ་བཞུད་བྱེད་མཁན་ཉུང་དུ་ཤུགས་ཆེན་ཕྱིན་པ་མཚོན་གྱི་ཡོད་པས་ནད་ཡམས་མཆེད་པའི་མྱུར་ཚད་འགོར་དུ་གཏོང་རྒྱུར་ཕན་ཐོགས་ཡོད། ཐོག་མའི་དུས་མཚམས་སུ་ནད་ཡམས་མཆེད་པའི་མྱུར་ཚད་ཧ་ཅང་མགྱོགས་པོ་ཡོད་པ་དང་། དུས་ཡུན་ཐུང་ངུའི་ནང་སྨན་བཅོས་ཐོན་ཁུངས་གཅིག་སྡུད་ཐོག་སྐོང་འཐེན་བྱ་རྒྱུ་ནི་འགྲན་སློང་དྲག་པོ་ཞིག་རེད། “ང་ཚོས་ད་རེས་དངོས་ཟོག་འཁྱེར་བའི་ནང་ICUཡི་སྒྲིག་ཆས་ཆ་ཚང་བཅུ་ཕྲག་ཚུད་ཡོད། ཁོང་ཚོས་གོ་ལ་ཧྲིལ་པོ་ནས་མྱུར་སྐྱོབ་སྒྲིག་ཆས་དེ་རིགས་གང་མང་ཐོབ་རེ་བྱེད་ཀྱི་འདུག”ཅེས་བརྗོད།

དབྱང་ཧུའེ་ཁྲོན་གྱིས། དབྱི་ཐ་ལིར་བསྐྱོད་མཁན་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཁོངས་མི་ཚང་མ་རིམས་ནད་སྔོན་འགོག་ཚོད་འཛིན་དང་། དབུགས་ལམ་ཚན་ཁག ནད་གཞི་ལྕི་རིགས་སྨན་བཅོས་སོགས་འབྲེལ་ཡོད་ཁྱབ་ཁོངས་ནས་ཡོང་བ་ཡིན་པ་དང་། དབྱི་ཐ་ལིའི་ཚན་ཞིབ་སྒྲིག་གཞི་དང་འཕྲོད་བསྟེན་སྡེ་ཚན་སོགས་དབར་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་པ་བརྒྱུད་དབྱི་ཐ་ལིའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་ཚུལ་ཁྱོན་ཡོངས་ཤེས་རྟོགས་བྱས་ནས་དེ་བས་གཏིང་ཟབ་པའི་མཉམ་ལས་ལ་སྐུལ་འདེད་གཏོང་ཐུབ་རེ་བྱེད་ཀྱི་ཡོད། གོམ་སྟབས་རྗེས་མར་རིགས་གཅིག་མཁས་ཅན་ཚོགས་ཆུང་དབྱི་ཐ་ལིའི་བྱང་རྒྱུད་ཀྱི་ནད་ཡམས་ཚབས་ཆེ་བའི་ས་ཁུལ་དུ་གནས་ཚུལ་སྔར་བས་ཤེས་རྟོགས་བྱེད་པར་བསྐྱོད་རྒྱུ་ཡིན་ཞེས་བརྗོད།

དབྱང་ཧུའེ་ཁྲོན་གྱིས། སྤྱིར་ན་ཉིན་ལྟར་མཚན་དགུང་གི་ཆུ་ཚོད་11ཙམ་ལ་གཞི་ནས་ལས་ཐག་ཆོད་ཀྱི་ཡོད་མོད། འོན་ཀྱང་སྡོད་ཁང་དུ་ལོག་དུས་ཨར་ཁང་གིས་ཆེད་མངགས་བཟོས་པའི་དགའ་བསུ་ཞུ་བའི་བྱང་བུ་མཐོང་སྐབས་སེམས་པ་ཧ་ཅང་སྐྱིད་པོ་འདུག བྱང་བུའི་ཐོག་ཀྲུང་གོ་དང་དབྱི་ཐ་ལི་རྒྱལ་ཁབ་གཉིས་པོའི་རྒྱལ་དར་ཡོད་པ་མ་ཟད། ད་དུང་ཀྲུང་དབྱི་དབྱིན་གསུམ་གྱི་སྐད་ཡིག་ཐོག་ནས“དགའ་བསུ་ཞུ། ཁྱེད་ཚོས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ། ང་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་མཉམ་དུ་དམག་འཐབ་དང་མཉམ་དུ་རྒྱལ་ཁ་ལེན”ཞེས་འཁོད་འདུག

(དོན་གྲུབ་དང་དབང་སྒྲོལ་སྐྱིད་ཀྱིས་སྒྱུར་ཞུས་བྱས)