《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月23日

རྒྱལ་ཁབ་མང་པོས་ཀྲུང་གོ་དང་མཉམ་དུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཉམས་མྱོང་སློབ་སྦྱོང་དང་སྤེལ་རེས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་བརྗོད་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། དཀའ་སྤྱད་འབད་འཐབ་བརྒྱུད་ཀྲུང་གོའི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་རྒྱུན་མཐུད་ངང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་བྱུང་ནས་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད། ཉིན་ཤས་བསྟུད་མར། ཧ་སག་སི་ཐན་དང་། ཅེ་ཁེ། ཨར་མེ་ཉི་ཡ། ལེ་པ་ནོན་སོགས་རྒྱལ་ཁབ་ཀྱིས་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་གོའི་ཉམས་མྱོང་ལ་སློབ་སྦྱོང་བྱེད་རིན་འདུག་པས་ཀྲུང་གོ་དང་མཉམ་དུ་རིམས་ནད་སྔོན་འགོག་ཚོད་འཛིན་དང་སྨན་བཅོས་བྱེད་པའི་ཐད་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།

ཉིན་ཤས་གོང་ཧ་སག་སི་ཐན་གྱི་ཙུང་ལི་མཱ་མིང་གིས་ཧ་སག་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲང་ཞའོ་དང་ཐུག་འཕྲད་བྱེད་སྐབས། ཁོང་གིས་ཀྲུང་གོ་མི་དམངས་ལ་དུས་ཚོད་ཐུང་ཐུང་ནང་རིམས་འགོག་གི་གྲུབ་འབྲས་ཆེན་པོ་ཐོབ་པར་སེམས་གཏིང་ནས་ཡིད་སྨོན་ཆེན་པོ་སྐྱེ་ཡི་འདུག ཀྲུང་གོ་ཕྱོགས་ཀྱི་འབྲེལ་ཡོད་ཉམས་མྱོང་དཔྱད་གཞིར་འཛིན་ཏེ་རིམས་ནད་ཧ་སག་སི་ཐན་དུ་ཁྱབ་འགྱེད་འགྲོ་རྒྱུར་འགོག་རྒོལ་བྱེད་འདོད་ཡོད་ཅེས་བརྗོད་པ་རེད།

ཉིན་ཤས་གོང་ཅེ་ཁེའི་ཙུང་ལི་པ་པི་ཧྲེ་ཡིས་ཅེ་ཁེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲང་ཅན་མིང་དང་ཐུག་འཕྲད་བྱེད་སྐབས། ཀྲུང་གོས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ནུས་ལྡན་ངང་སྤེལ་བར་ཚད་མཐོའི་གདེང་འཇོག་བྱས་ཡོད། པ་པི་ཧྲེས་མིག་སྔར་ཅེ་ཁེས་ནུས་ཤུགས་ཡོད་རྒུས་རིམས་ནད་ལ་འགོག་རྒོལ་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་དང་མཉམ་དུ་རིམས་ནད་སྔོན་འགོག་ཚོད་འཛིན་དང་སྨན་བཅོས་ཀྱི་ཉམས་མྱོང་སོགས་ཐད་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།

ཉིན་ཤས་གོང་ཨར་མེ་ཉི་ཡའི་འཕྲོད་བསྟེན་པུའི་པུའུ་ཀྲང་ཐོ་ལུའེ་ཤང་གིས་ཨར་མེ་ཉི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཐན་ཨར་ལུང་དང་ཐུག་འཕྲད་བྱེད་སྐབས། ཁོང་གིས་ཨར་མེ་ཉི་ཡས་ཀྲུང་གོ་ཕྱོགས་ཀྱིས་བསགས་པའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་དཔྱད་གཞིར་གང་ལེགས་འཛིན་རྒྱུ་དེ་ཨར་མེ་ཉི་ཡ་ཕྱོགས་ཀྱིས་མིག་སྔའི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུའི་ཐད་གལ་འགངས་ཤིན་ཏུ་ཆེན་པོ་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལག་གདང་སྦྲེལ་ནས་མཉམ་ལས་བྱས་ཏེ་འཛམ་གླིང་གིས་རིམས་ནད་ལས་གང་མགྱོགས་རྣམ་པར་རྒྱལ་ཆེད་འབད་བརྩོན་བྱ་དགོས་ཞེས་བརྗོད།

ཉེ་ཆར་ལེ་པ་ནོན་གྱི་འཕྲོད་བསྟེན་པུའི་པུའུ་ཀྲང་ཧ་མ་ཏེ་·ཧ་སན་གྱིས་ལེ་པ་ནོན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཝང་ཁེ་ཅན་དང་མཉམ་དུ་ཀྲུང་གོའི་མ་འཇོག་སྒྲིག་གཞིས་ལེ་པ་ནོན་ལ་ཞལ་འདེབས་ཕུལ་བའི་རིམས་འགོག་སྒྲིག་ཆས་སྤྱོད་འགོ་ཚུགས་པའི་མཛད་སྒོར་ཞུགས་སྐབས། ཁོང་གིས་ཀྲུང་གོས་རིམས་ནད་འགོག་རྒོལ་བྱེད་པར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་རྟེན་འབྲེལ་ཞུས་པ་དང་འབྲེལ་ཀྲུང་གོ་ཕྱོགས་ཀྱི་འགན་འཁུར་བའི་རྣམ་འགྱུར་ལ་བསྔགས་བརྗོད་ཀྱང་བྱས་ཡོད། ཀྲུང་གོའི་མ་འཇོག་ཁེ་ལས་ཀྱིས་རིམས་འགོག་སྒྲིག་ཆས་ཛ་དྲག་ངང་ཞལ་འདེབས་ཕུལ་བ་དེ་ཐོག་ནས་ཀྲུང་གོ་དང་ལེ་པ་ནོན་གྱི་སྲོལ་རྒྱུན་མཛའ་གྲོགས་ནུས་ལྡན་ངང་མངོན་ཡོད་ཅེས་བརྗོད་པ་རེད།

ཨེ་ཁ་ཏོར་གྱི་སྤྱི་པའི་འཕྲོད་བསྟེན་པུའུ་ཡི་པུའུ་ཀྲང་གཞོན་པ་ཧུའུ་ལི་ཨའོ་·ལོའུ་ཧྥེ་སིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། ཁོང་གིས་ཀྲུང་གོས་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་རིམས་ནད་ལ་འགོག་རྒོལ་བྱས་པ་མ་ཟད། ཁ་གཏད་གཅོག་པའི་བྱ་ཐབས་ནུས་ལྡན་སྤྱད་པར་འཛམ་གླིང་ཡོངས་ཀྱིས་སློབ་སྦྱོང་བྱེད་རིན་ཡོད་ཅེས་བརྗོད་པ་རེད།

(བསོད་ནམས་དཔའ་མོས་བསྒྱུར། བདེ་སྒྲོལ་དང་བསོད་དཔའ་ཡིས་ཞུས)