《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月20日

“དྲ་ཐོག་མིང་ཅན”བོད་ཀྱི་ཞིང་པ་ལྷག་པས་ཡོང་འབབ་གསོག་པའི་སྐོར།

ལོ་32ལ་སླེབས་པའི་ལྷག་པས་ཕུགས་འདུན་དོན་གཉེར་བྱེད་པའི་ལམ་བུའི་ཐོག་འབད་བརྩོན་དང་ཚོད་ལྟ་ཐེངས་མང་བྱས་རྗེས་མཐར་དྲ་རྒྱའི་སྟོབས་ཤུགས་ལ་བརྟེན་ནས་ཕུགས་འདུན་མངོན་འགྱུར་བྱུང་ཡོད།

ལྷག་པ་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་གི་ཁྱིམ་ཚང་དབུལ་པོ་ཞིག་ནས་ཡིན་པ་དང་ཁྱིམ་གྱི་ཕྲུ་གུ་གསུམ་པ་དེ་ཡིན་པ་རེད། ཁོང་གི་ཁྱིམ་དུ་ཕ་མ་གཉིས་ཕུད། ད་དུང་གཅེན་གཅུང་མིང་སྲིང་6ཡོད་པ་རེད། ལྷག་པས་ཧ་ཉིད་གོ་བ་ནས་བཟུང་ཁྱིམ་ཚང་གི་འཚོ་བ་ས་ཞིང་མུའུ་5དང་ནོར་ལུག་བཅུ་གྲངས་ཁོ་ནར་བརྟེན་དགོས་ཀྱི་ཡོད་པ་རེད།

གྲོང་མི་མི་ཉུང་བ་ཞིག་གིས་གླ་པ་རྒྱུག་ནས་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་མཐོང་སྐབས་ལྷག་པ་ཕྱིར་བསྐྱོད་རྒྱུའི་བསམ་བློ་འཁོར་ཡོད། 2018ལོའི་ལོ་འགོར་ཁོང་གཅིག་པུ་ལྷ་སར་བསྐྱོད་དེ་འཛུགས་སྐྲུན་ལས་ཡུལ་ཞིག་ཏུ་གླ་པ་བྱས་ནས་བསྡད་པ་དང་ཟླ་རེར་ཡོང་འབབ་སྒོར་3000ཡོད་པ་རེད། གླ་པ་རྒྱུག་པ་ཕུད་ཆུང་དུས་ནས་ཞབས་བྲོ་འཁྲབ་རྒྱུར་དགའ་བའི་ཁོང་རྟག་ཏུ་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་ཞབས་བྲོ་འཁྲབ་པར་འགྲོ་གི་ཡོད།

ངག་དབང་གིས“ལྷག་པ་ཆུང་དུས་ནས་འཚོ་བར་དཀའ་ངལ་འཕྲད་རུང་། འཁང་ར་གཏན་ནས་བྱེད་ཀྱི་མེད། ཁོང་སེམས་ཆུང་ལ་གཤིས་ཀ་ལེགས་པ་དང་ཡར་ཐོན་གྱི་བསམ་བློ་ལྡན་པས་རྟག་ཏུ་མི་རྣམས་ལ་དྲང་ནུས་ཤིག་བརྒྱུད་སྤྲོད་བྱེད་བཞིན་ཡོད”ཅེས་བཤད།

ལོ་40ལ་སླེབས་པའི་ངག་དབང་ནི་ལྷག་པས་སྤྱི་གླིང་ནང་ཞབས་བྲོ་འཁྲབ་སྐབས་ངོ་ཤེས་པ་ཞིག་རེད། ཁོང་གཉིས་རྒྱུན་དུ་གང་ཅིའི་ཐད་མཐུན་པོ་ཡོད་པས་མཉམ་དུ་ལས་གཏོད་བྱེད་འགོ་བརྩམ་རྒྱུའི་ཐག་བཅད། 2019ལོའི་བོད་ཀྱི་ལོ་གསར་གོང་ཁོང་ཚོས་ལྷ་སར་ཚོང་ཁང་ཞིག་བོགས་མར་བླངས་ཏེ་ཆེད་མངགས“ཁ་ཟས”ཕྱིར་འཚོང་བྱས་པ་རེད། ཟླ་བ་གཅིག་ལྷག་ཙམ་ནང་ལྷག་པར་ཁེ་བཟང་སྒོར་ཁྲི་2ལྷག་ཙམ་བྱུང་ཡོད།

“ཁ་ཟས”འཚོང་བའི་དུས་ཚོད་ནི་བོད་ཀྱི་ལོ་གསར་གོང་གི་ཟླ་བ་གཅིག་ལྷག་ཙམ་ཁོ་ན་ཡིན་པས་ལྷག་པས་འབྱུང་འགྱུར་ཇི་ལྟར་བྱ་རྒྱུའི་ཐད་བསམ་བློ་གཏོང་སྐབས་ཁོང་ཞབས་བྲོ་འཁྲབ་པའི་བརྙན་ཐུང་མི་ཉུང་བ་ཞིག་སྐད་འཕྲིན་གྱི་གྲོགས་ཚོགས་ནང་བརྒྱུད་བསྐུར་བྱེད་ཀྱི་ཡོད་པ་རེད། ཐེངས་ཤིག་ཞབས་བྲོ་འཁྲབ་སྐབས་གྲོང་མི་ཞིག་གིས་སྣང་མེད་ངང“ཁྱེད་རང་གིས་ཞབས་བྲོ་འཁྲབ་པའི་བརྙན་ཐུང་ཁྱུག་དབྱིངས་ཐོག་བསྐུར་ཚེ་སྐད་གྲགས་ཆོད་ངེས་རེད”ཅེས་བཤད།

དེ་གོང་ལྷག་པས་ཁྱུག་དབྱིངས་ཞེས་པ་ཤེས་ཀྱི་མེད། མི་གཞན་གྱི་རོགས་རམ་འོག་ཁོང་གིས་ལག་ཐོགས་ཁ་པར་ནང་ཁྱུག་དབྱིངས་ཕབ་འཇུག་བྱས་ནས་རྟག་ཏུ་འཚོ་བའི་ཁྲོད་ཀྱི་བརྙན་ཐུང་ཁག་གཅིག་བསྐུར་གྱི་ཡོད། ཡིན་ནའང་བསྔགས་བརྗོད་དང་བརྒྱུད་བསྐུར་བྱེད་མང་ཤོས་ནི་ཁོང་ཞབས་བྲོ་འཁྲབ་པའི་བརྙན་ཐུང་ཡིན་པ་རེད། ལོ་ཕྱེད་ནང་ལྷག་པའི་ཁྱུག་དབྱིངས་ལ་དགའ་པོ་བྱེད་མཁན་ཁྲི་70ལས་བརྒལ་བ་དང་བསྔགས་བརྗོད་བྱེད་མཁན་ཁྲི་600ཙམ་ཟིན་ཡོད་པ་རེད།

དྲ་རྒྱ་ཁྱབ་གདལ་ཕྱིན་པ་དང་བསྟུན་ནས་མི་རྣམས་ཀྱི་སྤྱི་ཚོགས་ཀྱི་འབྲེལ་བ་བྱེད་སྟངས་ལ་འགྱུར་ལྡོག་ཕྱིན་ཡོད་ལ། གངས་ལྗོངས་ས་མཐོ་དང་འཛམ་གླིང་གི་བར་ཐག་ཀྱང་ཐུང་དུ་ཕྱིན་ཡོད་པ་རེད། གྲངས་གཞི་ལས་མངོན་གསལ། མིག་སྔར་བོད་དུ་ཁ་པར་སྤྱོད་མཁན་ཁྲི་393.1ཟིན་ནས་ཁྱབ་གདལ་གཏོང་ཚད་མི་བརྒྱ་རེར་ཁ་པར་115རེ་ཟིན་པ་དང་། གཏན་འཇགས་དྲ་ཆེན་སྤྱོད་མཁན་ཁྲི་91.4ཟིན་ནས་ཁྱིམ་ཚང་ལ་ཁྱབ་གདལ་གཏོང་ཚད་84%ཟིན་པ། སྒུལ་བདེའི་འཕྲིན་སྦྲེལ་དྲ་བ་སྤྱོད་མཁན་ཁྲི་267.4ཟིན་པ་བཅས་རེད། གཞི་ཁྱོན་རགས་ཙམ་ཆགས་པའི་དྲ་རྒྱ་སྤྱོད་མཁན་གྱིས་ས་མཐོའི“དྲ་ཐོག་མིང་ཅན་དཔལ་འབྱོར”གྱི་ལས་རྣམ་གསར་པ་རིམ་བཞིན་སྐྱེད་སྲིང་བྱས་ཡོད་ལ་ལྷག་པ་ལྟར་གྱི“དྲ་ཐོག་མིང་ཅན”ཁག་གཅིག་ཐོན་ཡོད་པ་རེད།

དོ་ཁུར་བྱེད་མཁན་མང་པོ་ཡོད་པར་གཞིགས་ནས། ཚོང་ལས་འཁྲབ་སྟོན་དང་ཚབ་བྱེད་ཀྱི་གོ་སྐབས་མི་ཉུང་བ་ཞིག་འཕྲད་ཡོད། ལོ་ཕྱེད་ནང་ལྷག་པ་བོད་ཀྱི་ས་ཆ་མང་པོར་བསྐྱོད་པ་མ་ཟད། ད་དུང་མཚོ་སྔོན་དང་། ཀན་སུའུ། སི་ཁྲོན། ཡུན་ནན་སོགས་སུ་སྔ་རྗེས་སུ་བསྐྱོད་དེ་འཁྲབ་སྟོན་བྱེད་ཐེངས་རེར་སྒོར་ཁྲི་1ཙམ་ཡོང་གི་ཡོད་པ་རེད།

(བདེ་སྐྱིད་ཀྱིས་བསྒྱུར། བདེ་སྐྱིད་དང་བསྟན་བཟང་གིས་ཞུས)