《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月17日

བོད་ལྗོངས་ཀྱིས་ཉེན་ཡོད་ཁང་པ་ཁྲི་4.36གི་སྒྱུར་བཀོད་ ལས་འགན་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་3ཚེས་14ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་བོད་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་ནས་ཤེས་རྟོགས་བྱས་པར། 2016ལོ་ནས་2019ལོ་བར་བོད་ཀྱིས་ཉེན་ཡོད་ཁང་པ་སྒྱུར་བཀོད་ཀྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་7.88དོན་འཁྱོལ་བྱས་ཏེ་ཉེན་ཡོད་ཁང་པ་ཁྲི་4.36གི་སྒྱུར་བཀོད་ལས་འགན་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱས་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་དང་། མ་མཐའི་འཚོ་བའི་འགན་ལེན་དུད་ཚང་། གྲོང་གསེབ་ཀྱི་ཁ་ཐོར་བསྙེན་བཀུར་བྱེད་དགོས་པའི་དམིགས་བསལ་དཀའ་ངལ་ཅན། དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་བཅས་གཙོ་གནད་མི་སྣ་ཁག་བཞིའི་སྡོད་ཁང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་བསལ་བ་རེད།

འབྲེལ་ཡོད་བླང་བྱ་གཞིར་བཟུང་། བོད་ཀྱིས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་དང་། མ་མཐའི་འཚོ་བའི་འགན་ལེན་དུད་ཚང་། གྲོང་གསེབ་ཀྱི་ཁ་ཐོར་བསྙེན་བཀུར་བྱེད་དགོས་པའི་དམིགས་བསལ་དཀའ་ངལ་ཅན། དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་བཅས་གཙོ་གནད་མི་སྣ་ཁག་བཞི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་ཉེན་ཡོད་ཁང་པ་སྒྱུར་བཀོད་ཀྱི་གཙོ་གནད་དུ་བརྩི་བ་དང་འབྲེལ། ཁོ་ཚོའི་ཁང་པར་A B C Dབཅས་རིགས་བཞི་ཡི་བདེ་འཇགས་རིམ་པའི་ཞིབ་དཔྱད་གཏན་འཁེལ་བྱ་རྒྱུ་རེད། རིམ་པ་Cདང་Dལ་གཏན་འཁེལ་བྱས་རིགས་ཉེན་ཡོད་ཁང་པ་སྒྱུར་བཀོད་བྱེད་ཁོངས་སུ་འཇུག་རྒྱུ་ཡིན་ཡང་། རིམ་པ་Cརིགས་ཀྱི་ཁང་པར་ཡུལ་བབ་དང་བསྟུན་ནས་བརྟན་གཏོང་ཉམས་བཟོ་དང་རིམ་པ་Dརིགས་ཀྱི་ཁང་པ་བཤིགས་ནས་བསྐྱར་སྐྲུན་བྱ་རྒྱུ་རེད།

བོད་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཁྲུའུ་ཡི་ཁྲུའུ་ཀྲང་ནོར་བཟང་ཚེ་རིང་གིས་ཉེན་ཡོད་ཁང་པ་སྒྱུར་བཀོད་བྱས་ནས་ཞིང་འབྲོག་པའི་སྡོད་ཁང་ཆ་རྐྱེན་ལེགས་སུ་བཏང་ཡོད་ལ། ལྗོངས་ཡོངས་ཀྱི་རྫོང་དབུལ་པོའི་དབུལ་ཞྭ་ཕུད་པ་དང་དབུལ་པོ་དབུལ་རྐྱང་སེལ་བར་རྨང་གཞི་བརྟན་པོ་ཞིག་ཀྱང་བཏིང་ཡོད། གོམ་སྟབས་རྗེས་མར་སྡོད་ཁང་གི་བདེ་འཇགས་འགན་ལེན་དང་གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་གྱི་ཚད་གཞི་དང་བསྟུན་ནས་ཞིང་པའི་ཁང་པ་ཇུས་འགོད་དང་འཛུགས་སྐྲུན་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་བ་དང་ཆབས་ཅིག་ཉེན་ཡོད་ཁང་རྙིང་སྒྱུར་བཀོད་དང་། ནུས་རྒྱུ་དེ་བས་གྲོན་ཆུང་ཐུབ་པ། ས་ཡོམ་འགོག་ནུས་ཆེ་རུ་གཏོང་བ་བཅས་ལ་སྐུལ་འདེད་བཏང་ནས་ཞན་ཆ་སེལ་རྒྱུ་ཡིན་ཞེས་བརྗོད་པ་རེད།

(ལྷ་དབང་གིས་བསྒྱུར། བདེ་དབང་གིས་ཞུས)