《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月03日

གནམ་གྲུ་གཙང་གླས་ཀྱིས་བཟོ་པ་བོད་དུ་བསྐྱལ་བ་དང་རྣམ་གྲངས་གོ་རིམ་ལྡན་པའི་ངང་ལས་འགོ་བསྐྱར་འཛུགས་ཐུབ་པའི་འགན་ལེན་བྱས་པ།

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་ཟླ་3ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོ་ལྕགས་ལམ་རྩད་ཞིབ་ཇུས་འགོད་ཁང་གཉིས་པའི་གསོར་འབིགས་བཟོ་པ་26དུས་གཏན་གནམ་གྲུ་TV6053བསྡད་ནས་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྤོམ་མདའ་ས་མཐོའི་གནམ་ཐང་དུ་བདེ་བླག་ངང་འབྱོར་བ་དང་། འདི་ནི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་གནམ་གྲུ་གཙང་གླས་ཀྱིས་བཟོ་པ་བོད་ཤར་ས་ཁུལ་དུ་སྐྱེལ་ཐེངས་དང་པོ་ཡིན་པ་རེད།

མི་སྣ་ཁ་འགྲེམ་ནས་འགྲོ་སྐྱོད་བྱས་པ་ལས་བྱུང་བའི་རིམས་ནད་ཀྱི་ཉེན་ཁ་མི་ཐོན་པ་བྱེད་ཆེད། ཀྲུང་གོ་ལྕགས་ལམ་རྩད་ཞིབ་ཇུས་འགོད་ཁང་གཉིས་པས“རླངས་འཁོར་གཙང་གླས་དང་། གནམ་གྲུ་གཙང་གླས་དང་། རླངས་འཁོར་གཙང་གླས”བཅས་ཀྱི་བྱ་ཐབས་སྤྱད་དེ། ཆེད་མི་དང་ཆེད་གཏོང་རླངས་འཁོར་ལ་བརྟེན་ནས་ལས་འགོ་བསྐྱར་འཛུགས་ནང་ཞུགས་མཁན་གྱི་མི་སྣ་གཅིག་གྱུར་ཐོག་གནམ་ཐང་དུ་བསྐྱལ་བ་དང་ཆབས་ཅིག ཆེད་མིས་འགྲོ་སྐྱོད་མི་སྣའི་གཟུགས་གཞི་བདེ་ཐང་གི་གནས་ཚུལ་བསྡོམས་རྩིས་དང་གོང་ཞུའི་ལས་དོན་གྱི་འགན་ཁུར་ཡོད་པ་རེད། དམིགས་སར་འབྱོར་རྗེས། ད་དུང་ཀྲུང་གོ་ལྕགས་ལམ་རྩད་ཞིབ་ཇུས་འགོད་ཁང་གཉིས་པས་ཆེད་གཏོང་རླངས་འཁོར་སྒྲིག་འཛུགས་བྱས་ཏེ། མི་ཚང་མ་གཅིག་གྱུར་ཐོག་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་ལོགས་འཇོག་ས་ཚིགས་སུ་ལྟ་ཞིབ་ལོགས་འཇོག་བྱེད་པར་བསྐྱལ་ནས“རླངས་འཁོར་ལ་སྡོད་དུས་རོགས་པ་བྱེད་མཁན་ཡོད་པ་དང་། རླངས་འཁོར་ནས་འབབ་དུས་སྣེ་ལེན་བྱེད་མཁན་ཡོད་པ། གནམ་གྲུར་འཛེག་དུས་དོ་དམ་བྱེད་མཁན་ཡོད་པ། གནམ་གྲུ་ནས་འབབ་དུས་སྐྱེལ་མཁན་ཡོད་པ”བཅས་བྱས་པས། ལམ་ཐག་ཧྲིལ་པོར་འབྲེལ་མཐུད་དམ་ཟབ་ཐུབ་ཡོད་པ་རེད།

ལས་འགོ་བསྐྱར་འཛུགས་ནང་ཞུགས་མཁན་མི་སྣ་26བོད་ལྗོངས་ཆབ་མདོར་འབྱོར་བ་དང་ཆབས་ཅིག་བདེ་འཇགས་འགན་ལེན་ཐུབ་རྗེས། རྣམ་གྲངས་སྐྲུན་ཡུལ་ཁག་ཏུ་སོ་སོར་བསྐྱོད་དེ་ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ཟིན་པའི་གངས་རི་དང་ས་མཐོར་ལས་ཀ་བྱེད་འགོ་ཚུགས་རྒྱུ་རེད། དེ་དང་ཆབས་ཅིག ཀྲུང་གོ་ལྕགས་ལམ་རྩད་ཞིབ་ཇུས་འགོད་ཁང་གཉིས་པས་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་དབུལ་སྐྱོར་གྱི་དགོས་མཁོ་དང་ལེན་ཧུར་ཐག་ཞུས་ནས། ལམ་བཟོ་དང་འབྲེང་ཟམ་སྐྲུན་པ་སོགས་རམ་འདེགས་རང་བཞིན་གྱི་ལས་ཀའི་ནང་ས་གནས་དེ་གའི་བཟོ་པ་སྤྱོད་གང་ཐུབ་བྱས་པ་རེད། ད་ཆ་ས་གནས་དེ་གའི་ལས་མི་37ལས་ཡུལ་དངོས་སུ་ལས་ཀ་བྱེད་པར་བསྡུས་པ་དང་། སླད་ཕྱིན་ལས་ཀའི་དགོས་མཁོ་གཞིར་བཟུང་། ས་གནས་དེ་གའི་ལས་མི་རིམ་བཞིན་བསྡུ་མང་དུ་གཏོང་རྒྱུ་ཡིན་པ་རེད། (དཀོན་སྒྲོལ་གྱིས་བསྒྱུར། པ་ཚེས་ཞུས)