《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月03日

མཚོ་སྔོན་ཟི་ལིང་གི་ལས་འགོ་བསྐྱར་འཛུགས་ཁྲོམ་རའི་མཐོང་ཐོས།

ཁྲོམ་གཞུང་གི་ལས་འགོ་བསྐྱར་དུ་འཛུགས་པའི་སྐྲ་བཞར་ཁང་གི་ལས་མིས་སྐྲ་བཞར་བར་ཡོང་མཁན་ལ་ཚ་བ་བལྟ་བ་དང་། ཉོ་སྐྱེལ་རྣམ་པའི་ཟ་ཁང་གི་ཕྱི་རོལ་དུ་མྱུར་སྐྱེལ་པས་ཐུམ་བརྒྱབ་ནས་སྡེབ་སྐྱེལ་བྱེད་རྒྱུར་བྲེལ་བ། སྤྱི་སྤྱོད་རླངས་འཁོར་དལ་བུར་བབས་ཚུགས་སུ་བཀག་པ་དང་མི་རྣམས་ཀྱིས་ཁ་རས་བརྒྱབ་ནས་རིམ་པས་རླངས་འཁོར་ནང་འཛུལ་བ་སོགས་རིམས་ནད་ཀྱིས་རྐྱེན་པས་གང་སྤྱིའི་ཐད་འཐུས་ཤོར་སོང་བའི་ཟི་ལིང་གྲོང་ཁྱེར་གྱི་རྣམ་པ་རིམ་བཞིན་སླར་གསོ་ཐུབ་བཞིན་ཡོད་པ་རེད།

ལོ་40ལ་སླེབས་པའི་དབྱང་ཀྲུང་ཝུའེ་ཡིས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྲོང་བྱང་ཁུལ་དུ་སྐྲ་བཞར་ཁང་ཞིག་བཙུགས་ཡོད་པ་དང་། རིམས་ནད་ཀྱི་ཤུགས་རྐྱེན་ཕོག་པ་ལས་མ་གཞི་བྱས་ན་ལོ་གསར་ཚེས་5ཉིན་ནས་སྒོ་ཕྱེ་རྩིས་ཡོད་པའི་སྐྲ་བཞར་ཁང་དེ་ཉིན་20ནར་འགྱངས་བྱས་རྗེས་གཞི་ནས་སྒོ་ཕྱེ་ཐུབ་ཡོད། ཉིན་ལྟར་ཞོགས་པའི་ཆུ་ཚོད་9པར་སྒོ་ཕྱེ་རྗེས་ཆུ་ཚོད་གཉིས་རེར་སྐྲ་བཞར་ཁང་གི་ལས་སྟེགས་དང་བར་ཁྱམས་སོགས་སུ་དུག་སེལ་བྱེད་པ་མ་ཟད་སྐྲ་བཞར་ཁང་གི་རླུང་འགྲོ་ཡག་པོ་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པ་རེད།

ཉེ་དུས། ཟི་ལིང་གྲོང་ཁྱེར་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་ཁེར་རྐྱང་བཟོ་ཚོང་དུད་ཚང་གིས་ཁྲོམ་གཞུང་གི་ཚོང་ཁང་ལས་འགོ་འཛུགས་རྒྱུའི་སྐོར་གྱི་བརྡ་ཁྱབ་ཁྱབ་བསྒྲགས་བྱས་ཡོད། གཉེར་སྐྱོང་བྱ་ཡུལ་རྒྱ་ཆེ་བ་དང་། རླུང་འགྲོ་ཡག་པ། ཆ་རྐྱེན་ལེགས་པ་བཅས་ཀྱི་ཁེར་རྐྱང་བཟོ་ཚོང་དུད་ཚང་དང་། ཁྲོམ་གཞུང་གི་ཚོང་ཁང་། དམངས་ཕན་ཁྲོམ་བཀྱག་བཅས་ཀྱིས་སྔོན་འགོག་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་ནན་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ལས་འགོ་བསྐྱར་འཛུགས་བྱེད་ཆོག་གི་ཡོད་པ་དཔེར་ན། ཙག་ཙིག་ཚོང་ཁང་དང་། ཉོ་སྐྱེལ་རྣམ་པའི་ཟ་ཁང་། ཏན་ཞིམ་བསིལ་ཚོང་ཁང་། སྐྲ་བཞར་ཁང་། པར་ཁང་སོགས་རེད།

ཟི་ལིང་གྲོང་ཁྱེར་གྲོང་བྱང་ཁུལ་ཞའོ་ཆའོ་ཕྱོགས་བསྡུས་ཁྲོམ་རར་གཉེར་སྐྱོང་བྱེད་འགོ་ཚུགས་མ་ཐག་པའི་ཟ་ཁང་ཞིག་གི་སྒོ་འགྲམ་དུ་མྱུར་སྐྱེལ་པ་ལིའུ་ཐའོ་ཡིས་འབྱོར་མ་ཐག་པའི་མངགས་ཐོ་ཞིག་གི་ལུག་གི་རྒྱུ་མའི་ཐུག་པ་ཐུམ་རྒྱག་བཞིན་ཡོད་པ་རེད། ལིའུ་ཐའོ་ཡིས“རིམས་ནད་ཀྱི་ཤུགས་རྐྱེན་ཕོག་པ་ལས་ལོ་གསར་རིང་ང་ལ་མངགས་ཐོ་འབྱོར་མ་བྱུང་། འོན་ཀྱང་ཉེ་དུས་ཚོང་ཁང་མང་པོ་སྒོ་ཕྱེ་བ་དང་བསྟུན་ནས་ཉོ་སྐྱེལ་མངགས་མཁན་ཡང་ཇེ་མང་དུ་འགྲོ་བཞིན་འདུག”ཅེས་བཤད། ཉེ་དུས་ཁོང་ལ་ཉིན་ལྟར་མངགས་ཐོ་ཉི་ཤུ་སུམ་ཅུ་ཙམ་འབྱོར་གྱི་ཡོད་པ་དང་གྲོང་མི་ཚོའི་ཉོ་སྐྱེལ་གྱི་དགོས་མཁོ་ཡང་ཟམ་མི་ཆད་པར་ཆེ་རུ་འགྲོ་བཞིན་ཡོད་པ་རེད།

གསར་འགོད་པར་ཤེས་རྟོགས་བྱུང་བར། ཟླ་2ཚེས་24ཉིན་བར་ཟི་ལིང་གྲོང་ཁྱེར་དུ་ཁྱོན་ཁྲོམ་རའི་གཉེར་སྐྱོང་དུད་ཚང་18185ལས་འགོ་ཚུགས་ནས་ཚོང་རྒྱག་བཞིན་ཡོད་པའི་ཁྲོད། སྒོ་རྩིས་ཚོང་ཁང་ཆེ་འབྲིང་ཆུང་གསུམ་དང་དེ་བཞིན་ཚོང་ཁང་ཆུང་གྲས་14055དང་། ཞིང་ཞོར་ཁྲོམ་ར་40ཡི་ཚོང་དུད་2807 ཟ་ཁང་ཆུང་འབྲིང་385 སྨན་རྫས་ཚོང་ཁང་622 འབྲུ་རིགས་ཚོང་ཁང་316བཅས་ཡོད་པ་རེད། དེ་དང་ཆབས་ཅིག་་ཉེ་དུས་ཟི་ལིང་གྲོང་ཁྱེར་གྱི་ཚོང་དོན་ཁེ་ལས་ཆེ་གྲས་16དང་ཆེད་ལས་ཁྲོམ་ར་ཁག་གཅིག་ཀྱང་མགྱོགས་མྱུར་གཉེར་སྐྱོང་སླར་གསོ་ཐུབ་རྒྱུ་ཡིན་པ་རེད།

(ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་འབྱོར་བའི་གློག་འཕྲིན)

(བདེ་སྐྱིད་ཀྱིས་བསྒྱུར། བདེ་སྐྱིད་དང་བསྟན་བཟང་གིས་ཞུས)