《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月03日

ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་གིས་ཧུའུ་པེར་རོགས་སྐྱོར་བྱེད་མཁན་སྨན་དོན་མི་སྣའི་འཐབ་ས་དང་པོའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་དགོས་ཞེས་བརྗོད་པ།

ཤིན་ཧྭ་གསར་འགྱུར་ཁང་ཝུའུ་ཧན་ནས་ཟླ་3ཚེས་1ཉིན་གློག་འཕྲིན་འབྱོར་གསལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་དང་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་བཀོད་སྒྲིག་དོན་འཁྱོལ་བྱ་ཆེད། ཟླ་3ཚེས་1ཉིན་གྱི་ཕྱི་དྲོར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་གྱིས་ཀྲུང་དབྱང་གི་མཛུབ་ཁྲིད་ཚོགས་ཆུང་སྒྲིག་འཛུགས་བྱས་ནས་ཧུའུ་པེར་རོགས་སྐྱོར་བྱེད་མཁན་གྱི་སྨན་བཅོས་རུ་ཁག་340ལྷག་ཙམ་གྱི་འཐུས་མིའི་བརྙན་ལམ་ཚོགས་འདུ་འཚོགས་ཏེ། ཧུའུ་པེར་རོགས་སྐྱོར་བྱེད་མཁན་སྨན་བཅོས་རུ་ཁག་གི་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་སྨན་དོན་མི་སྣའི་འཐབ་ས་དང་པོའི་ཆུ་གཞུང་གི་གཞོམ་མེད་བྲག་རྡོ་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཝུའུ་ཧན་དང་ཧུའུ་པེ་སྲུང་སྐྱོབ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་ཞེས་ནན་བཤད་གནང་བ་རེད།

རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དྲུག་དང་དཔུང་སྡེའི་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བློ་མཐུན་དང་དེ་བཞིན་ཧུའུ་ཧན་དུ་ཡོད་པའི་སྨན་བཅོས་རུ་ཁག་དང་རོགས་སྐྱོར་བྱ་ཡུལ་སྨན་ཁང་བཅས་ཀྱི་འཐུས་མིས་སྐྱོབ་བཅོས་དང་ཁ་གཏད་རོགས་སྐྱོར་སོགས་ནང་ཞུགས་པའི་ལས་དོན་གྱི་གནས་ཚུལ་ངོ་སྤྲོད་བྱས་པ་རེད། སུན་ཁྲུན་ལན་གྱིས་ཧུའུ་པེར་རོགས་སྐྱོར་བྱེད་པའི་འཐབ་ས་དང་པོའི་སྨན་དོན་མི་སྣ་དང་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་གི་སྨན་བཅོས་རུ་ཁག་གིས་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བར་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་ཏང་ཀྲུང་དབྱང་གིས་ཧུའུ་པེར་རོགས་སྐྱོར་བྱེད་པའི་རིམས་ནད་འགོག་རྒོལ་གྱི་ཐབས་ཇུས་གལ་ཆེན་བཏོན་ནས་རྒྱལ་ཡོངས་ས་གནས་ཁག་ཏུ་བཀའ་འབྱོར་རྗེས་བྱ་སྤྱོད་སྤེལ་བ་དང་འཕྲལ་མར་བརྡ་ལེན་ཧུར་ཐག་ཞུས་ཏེ། རྒྱ་ཆེའི་སྨན་དོན་མི་སྣས་འཚང་ཁ་ཤིག་ཤིག་ངང་མིང་ཐོ་བཀོད་པ་དང་དཔའ་ངར་ཆེན་པོས་འཐབ་ས་དང་པོར་བསྐྱོད་པས་དུས་ཐུང་ནང་སྨན་དོན་མི་སྣ་ཁྲི་4ལྷག་ཙམ་ཧུའུ་པེར་རོགས་སྐྱོར་བྱེད་པར་བསྐྱོད་པ་དེ་ཐོག་ནས་ང་ཚོའི་ལམ་ལུགས་ཀྱི་ལེགས་ཆ་མངོན་ཡོད་ལ། ཏོག་གསར་གློ་ཚད་འགོག་རྒོལ་བྱེད་པའི་ཀྲུང་གོའི་ཐབས་ཤེས་འཚོལ་བཤེར་ཐུབ་པ་དང་གྲུབ་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བསྔགས་བརྗོད་རྒྱ་ཁྱབ་ཐོབ་ཡོད། མིག་སྔའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ལེགས་སུ་འགྲོ་བའི་འཕེལ་ཕྱོགས་མངོན་བཞིན་ཡོད་མོད།

(པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད) འོན་ཀྱང་། ཧུའུ་པེ་དང་ཝུའུ་ཧན་གྱི་རིམས་ནད་སྔར་བཞིན་ཛ་དྲག་ཅིང་རྙོག་འཛིང་ཆེ་སྟབས་སྐྱོབ་བཅོས་ལས་དོན་དེ་མངོན་གསལ་དོད་པའི་ལས་འགན་དུ་བརྩིས་ཏེ། སྨན་བཅོས་ཐོན་ཁུངས་བཀོད་སྒྲིག་ལེགས་གཏོང་དང་། སྨན་དོན་མི་སྣའི་བདེ་འཇགས་འགོག་སྲུང་ལ་ཤུགས་སྣོན་རྒྱག་པ། ཕོགས་སྣོན་ཁ་གསབ་སོགས་སྐུལ་གཏོང་སྲིད་ཇུས་ཁག་དོན་འཁྱོལ་ནན་པོ་བྱེད་པ། འཚོ་བའི་ཞབས་ཞུའི་འགན་ལེན་ཡག་པོ་སྒྲུབ་པ་བཅས་བྱས་ནས་སྨན་བཅོས་རུ་ཁག་གིས་ཐོག་མཐའ་བར་གསུམ་དུ་དཔའ་ངར་ཆེར་བསྐྱེད་ཀྱིས་རིམས་འགོག་འཐབ་རྩོད་ཁྲོད་ཞུགས་ཐུབ་པ་བྱེད་དགོས། འཐབ་ས་དང་པོའི་སྨན་དོན་མི་སྣའི་མི་སེམས་འགུལ་བའི་བྱས་རྗེས་དྲིལ་བསྒྲགས་རྒྱ་ཁྱབ་བྱས་ནས་སྤྱི་ཚོགས་ཡོངས་སུ་དྲང་ནུས་འཕེལ་བར་བྱས་ཏེ་རིམས་ནད་འགོག་རྒོལ་ལ་རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་བརྟན་དུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

སྔ་དྲོ་ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་ཆོན་ཁོའུ་ཆུས་ཀྱི་སྤྱི་ཚོགས་ཕན་བདེ་ཁང་དང་ཝུའུ་ཧན་བུད་མེད་བཙོན་ཁང་དུ་ཕེབས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་གཟིགས་ཞིབ་གནང་ནས་མི་ཚོགས་སྟུག་པའི་དམིགས་བསལ་ཁུལ་གྱི་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ། ལོགས་སུ་འཇོག་པ་དང་སྐྱོབ་བཅོས་སོགས་ཀྱི་བྱེད་ཐབས་ཁག་ཞིབ་ཚགས་གནད་སྨིན་དང་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

(ཚེ་ཁོས་བསྒྱུར། བསོད་བདེ་དང་ཚེ་ཁོས་ཞུས)