《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月03日

ཟླ་བ་གཉིས་པར་ལྕགས་ལམ་ནས་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་དུས་མཚུངས་ལས་4.5%འཕར་བ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་3ཚེས་1ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར། ཟླ་བ་གཉིས་པར། རྒྱལ་ཡོངས་ལྕགས་ལམ་གྱིས་རིམ་རྩིས་བྱས་ན། དངོས་ཟོག་ཏུན་དུང་ཕྱུར་3.1སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་ཏུན་ཁྲི་1332འཕར་བ་དང་4.5%འཕར་ཡོད།

ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པའི་ཟོག་འདྲེན་པུའི་ཀྲུའུ་རེན་ཀྲའོ་ཅུན་གྱིས། ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་རྗེས། རྒྱལ་ཁབ་ལྕགས་ལམ་ཚོགས་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལས་དོན་ལམ་སྲོལ་གྱི་འབྲེལ་ཡོད་སྡེ་ཚན་དང་ཚན་པའི་དབར་ཕན་ཆེ་འབྲེལ་གཏུག་གི་ལམ་སྲོལ་བཙུགས་པ་དང་འབྲེལ། ཐོགས་མེད་བགྲོད་ལམ་བཏོད་དེ། དམིགས་བསལ་བྱ་བ་དམིགས་བསལ་ངང་བསྒྲུབས་པ་དང་། ཛ་དྲག་བྱ་བ་ཛ་དྲག་ངང་བསྒྲུབས་པ། མྱུར་བགྲོད་ལྕགས་ལམ་སྤྱོད་པ་སོགས་ཀྱི་ཐབས་ལམ་སྣ་ཚོགས་མཐའ་འཁྱོངས་ཀྱིས། དུས་ཚོད་སྐར་ཆ་གཅིག་ཀྱང་བརྩོན་ལེན་བྱས་ཏེ། ཧུའུ་པེ་ས་ཁུལ་དུ་སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་སྐྱེལ་འདྲེན་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཡོད། ཟླ་2ཚེས་29ཉིན་བར། རྒྱལ་ཁབ་ལྕགས་ལམ་ཚོགས་པས་རིམ་རྩིས་བྱས་ན། ཁག་ཐེངས་10154དབྱེ་ནས་འགོག་སྲུང་འགན་ལེན་དངོས་ཟོག་ཏུན་ཁྲི་20.3དབོར་འདྲེན་བྱས་ཡོད་ཅེས་བརྗོད།

ཀྲའོ་ཅུན་གྱིས། ལྕགས་ལམ་སྡེ་ཚན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་མགྱོགས་མྱུར་སྐྱེལ་འདྲེན་བྱེད་པའི་རྨང་གཞིའི་ཐོག་ཁེ་ལས་ཀྱི་མ་བཅོས་རྒྱུ་ཆ་དང་། རྡོ་སོལ། དཔྱིད་རྨོད་དཔྱིད་གྲབས་ཀྱི་དངོས་རྫས་སོགས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དངོས་ཟོག་གལ་ཆེན་སྐྱེལ་འདྲེན་བྱས་ཡོད། དངོས་ཟོག་གལ་ཆེན་སྤུས་ལེགས་ཕན་ཆེའི་ངང་སྐྱེལ་འདྲེན་བྱ་རྒྱུ་འགན་ལེན་བྱ་ཆེད། ལྕགས་ལམ་སྡེ་ཚན་གྱིས་གྲངས་གཞི་ཆེ་མོའི་ཆ་འཕྲིན་སྤྱད་དེ་རྗེས་བསྙེགས་བྱས་ནས། དངོས་ཟོག་གལ་ཆེན་སྐྱེལ་འདྲེན་གྱི་གནས་ཚུལ་ཁོང་དུ་བརྟན་པོ་ཆུད་པར་བྱས་པ་དང་འབྲེལ། མེ་འཁོར་སྒྲིག་འཛུགས་བྱེད་ཚད་མགྱོགས་སུ་གཏོང་བ་དང་བབས་ཚུགས་སུ་མེ་འཁོར་ཁ་བཀག་པའི་དུས་ཚོད་ཉུང་དུ་བཏང་ནས། སྐྱེལ་འདྲེན་འགོག་མེད་ཤར་བགྲོད་ཐུབ་པ་བྱས་ཡོད། ལྕགས་ལམ་སྣེ་གཉིས་ཀྱི་འབྲེལ་མཐུད་སྐྱེལ་འདྲེན་ལས་དོན་མཐུན་སྦྱོར་ཡག་པོ་བྱས་ནས། སྐྱེལ་འདྲེན་ཞབས་ཞུ“སྔོན་ལ་འཇོག་པ་དང་མཐའ་མའི་འགག་གནད”ཀྱི་ལས་དོན་ཡག་པོ་བསྒྲུབས་ཡོད་ཅེས་བརྗོད།

(པ་སངས་ཀྱིས་བསྒྱུར། པ་སངས་དང་པ་ཕན་གྱིས་ཞུས)