《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月03日

པུའུ་ཨུད་ལྔ་ཡིས་མཉམ་འབྲེལ་ཐོག་ཡིག་ཆ་བཀྲམ་ནས།

ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ཀྱིས་གནས་སྐབས་རང་བཞིན་གྱི་མ་སྐྱེད་འཇལ་རྒྱུ་ནར་འགྱངས་བྱེད་ཆོག་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་3ཚེས་1ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མོས་མཐུན་ཐོབ་པ་བརྒྱུད། ཉེ་ཆར་ཀྲུང་གོ་དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ལྷན་དང་། མི་དམངས་དངུལ་ཁང་། འཕེལ་སྒྱུར་ཨུ་ལྷན། བཟོ་འཕྲིན་པུའུ། ནོར་སྲིད་པུའུ་བཅས་ཀྱིས《ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ཀྱི་དངུལ་བུན་ལ་གནས་སྐབས་རང་བཞིན་གྱི་མ་སྐྱེད་འཇལ་རྒྱུ་ནར་འགྱངས་ལག་བསྟར་བྱེད་རྒྱུའི་སྐོར་གྱི་བརྡ་ཐོ》མཉམ་དུ་བཀྲམ་པ་རེད། 2020ལོའི་ཟླ་1ཚེས་25ཉིན་ནས་བཟུང་དུས་ཚོད་ཐིམ་པའི་དཀའ་ངལ་ཡོད་པའི་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ཀྱི་དངུལ་བུན་གྱི་མ་དང་དེ་བཞིན་2020ལོའི་ཟླ་1ཚེས་25ཉིན་ནས་ཟླ་6ཚེས་30ཉིན་བར་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ཀྱིས་སྤྲོད་དགོས་པའི་དངུལ་བུན་གྱི་སྐྱེད་ཀར་དངུལ་ཁང་ལས་རིགས་དངུལ་རྩའི་སྒྲིག་གཞིས་ཁེ་ལས་ཀྱི་རེ་ཞུ་གཞིར་བཟུང་ཁེ་ལས་ལ་དུས་བཀག་ངེས་ཅན་གྱི་གནས་སྐབས་རང་བཞིན་གྱི་མ་སྐྱེད་འཇལ་རྒྱུ་ནར་འགྱངས་བྱེད་རྒྱུ་བཀོད་སྒྲིག་བྱས་ཡོད། མ་སྐྱེད་འཇལ་བའི་ནར་འགྱངས་བྱས་པའི་དུས་ཚོད་རིང་ཤོས་2020ལོའི་ཟླ་6ཚེས་30ཉིན་བར་ཡིན་པ་དང་། དེའི་རིང་ཆད་གཅོད་སྐྱེད་ཀ་རྩ་ཆག་གཏོང་རྒྱུ་རེད།

《བརྡ་ཐོའི》ནང་བསྟན་དོན། ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ནང་ཁེ་ལས་ཆུང་གྲས་དང་ཕྲན་ཚེགས་ཁེ་ལས་ཀྱི་བདག་པོ་དང་། ཁེར་རྐྱང་བཟོ་ཚོང་དུད་ཚང་། རིམས་ནད་ཀྱི་ཤུགས་རྐྱེན་ཚབས་ཆེན་ཕོག་པ་དང་སླར་གསོའི་དུས་འཁོར་རིང་བ་མ་ཟད་འཕེལ་རྒྱས་ཀྱི་མདུན་ལམ་བཟང་བའི་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ཚུད་ཡོད། དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིས་དོན་དངོས་ཀྱི་གནས་ཚུལ་གཞིར་བཟུང་། ཁེ་ལས་དང་གྲོས་མོལ་བྱས་ནས་ནར་འགྱངས་དུས་ཚོད་བསྐྱར་དུ་བཀོད་སྒྲིག་བྱེད་རྒྱུ་རེད།

《བརྡ་ཐོའི》ནང་ནན་བཤད་བྱས་དོན། ཧུའུ་པེ་ས་ཁུལ་གྱི་ཁེ་ལས་སྣ་ཚོགས་ལ་གོང་གསལ་གྱི་སྲིད་ཇུས་འོས་ཤིང་འཚམ་པའི་སྒོ་ནས་ལག་བསྟར་བྱེད་རྒྱུ། དེ་དང་དུས་མཚུངས་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིས་ཧུའུ་པེ་ས་ཁུལ་ལ་ཆེད་དོན་ཡིད་རྟོན་དངུལ་བུན་གཏོང་བའི་གཞི་ཁྱོན་བཀོད་སྒྲིག་དང་། ནང་ཁུལ་གྱི་མ་དངུལ་གཞན་སྒྱུར་བཅད་གོང་གི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱས་ཏེ་2020ལོར་ཀུན་ཕན་རྣམ་པའི་ཁེ་ལས་ཆུང་གྲས་དང་ཕྲན་ཚེགས་ཁེ་ལས་ཀྱི་ཕྱོགས་བསྡུས་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་ལོ་གོང་མའི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་1ཡན་དམའ་རུ་གཏོང་རྒྱུའི་བརྩོན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

《བརྡ་ཐོའི》ནང་བླང་བྱ་བསྟན་དོན། དངུལ་ཁང་ལས་རིགས་དངུལ་རྩའི་སྒྲིག་གཞིས་དྲ་ཐོག་དང་དྲ་ཕྱི་སོགས་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་དེ་ཁེ་ལས་ལ་མ་སྐྱེད་འཇལ་རྒྱུའི་ནར་འགྱངས་ཀྱི་རེ་ཞུར་སྟབས་བདེ་སྐྲུན་དགོས། ཁེ་ལས་ཀྱི་རེ་ཞུ་དུས་ཐོག་ཏུ་བདག་སྤྲོད་དང་དུས་བཀག་བཞིན་བརྡ་ལན་སྤྲོད་པ་དང་གཉེར་དགོས། གནས་སྐབས་རང་བཞིན་གྱི་མ་སྐྱེད་འཇལ་རྒྱུ་ནར་འགྱངས་བྱེད་པའི་དངུལ་བུན་ལ་ཆེད་མངགས་བསྡོམས་རྩིས་དང་ལྟ་དཔྱད་ཞིབ་ཕྲ་བྱེད་དགོས། སྲིད་ཇུས་དོན་འཁྱོལ་བྱེད་པའི་བརྒྱུད་རིམ་ནང་ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་རྩ་དོན་ལ་བརྩི་སྲུང་ཞུ་བ་ལས་སྲིད་འཛིན་བཀའ་རྒྱ་གཏོང་བ་དང་རྒྱུག་པ་ལེབ་རྡུང་བྱེད་མི་རུང་།

དེ་དང་དུས་མཚུངས《བརྡ་ཐོའི》ནང་བསྟན་དོན། ལྟ་འདོམས་སྲིད་ཇུས་དང་། དངུལ་ལོར་སྲིད་ཇུས། ནོར་ཁྲལ་སྲིད་ཇུས་སོགས་ཐད་ནས་རྒྱབ་སྐྱོར་བྱེད་དགོས། གནས་སྐབས་རང་བཞིན་གྱི་མ་སྐྱེད་འཇལ་རྒྱུ་ནར་འགྱངས་བྱེད་པའི་དངུལ་བུན་ལ། ངོ་བོའི་རང་བཞིན་གྱི་ཉེན་ཁར་བརྡར་གཅོད་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ་ལས་རིམས་ནད་དབང་གིས་དངུལ་བུན་གྱི་ཉེན་ཁའི་རིགས་དམའ་རུ་གཏོང་བ་དང་ཁེ་ལས་ཀྱི་ཡིད་རྟོན་ཟིན་ཐོར་ཤུགས་རྐྱེན་མི་ཐེབས་པ་བྱེད་དགོས། དེ་དང་དུས་མཚུངས། ཚོང་ལས་དངུལ་ཁང་གིས་ཆ་འཕྲིན་མཉམ་སྤྱོད་དང་མཉམ་འགོག་ལ་སྐུལ་འདེད་བཏང་ནས་ཀུན་སྤྱོད་ཐད་ཀྱི་ཉེན་ཁ་སྔོན་འགོག་ཚོད་འཛིན་ནུས་ལྡན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། (པ་སངས་སྒྲོན་ལགས་ཀྱིས་བསྒྱུར། རིག་འཛིན་རྡོ་རྗེས་ཞུས)