《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月03日

རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་གྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།

—— རྒྱལ་ཡོངས་སུ་ནད་པ་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་ དོན་ཚད་བསྡུར་གྲངས་52.1%ཟིན་པ་དང་ཕྱི་རྒྱལ་ནས་རིམས་ནད་ གཏན་ནས་མ་འགོས་པ་བྱེད་དགོས་ཞེས་ངོ་སྤྲོད་བྱས་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་3ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་1ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་གྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ་ཕྱི་རྒྱལ་ནས་རིམས་ནད་འགོས་རྒྱུར་ཁྲིམས་བཞིན་སྔོན་འགོག་ཚོད་འཛིན་ནུས་ལྡན་བྱེད་དགོས་པའི་གནས་ཚུལ་ངོ་སྤྲོད་བྱས་པ་རེད།

ཟླ་2ཚེས་29ཉིན་གྱི་ཆུ་ཚོད་24བར་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་31དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་བཅས་སུ་ད་ཡོད་གཏན་འཁེལ་བའི་ནད་དཔེ་35329ཡོད་པའི་ཁྲོད་ནད་གཞི་ལྕི་བའི་ནད་དཔེ་7365ཡོད་པ་དང་། རིམ་རྩིས་བརྒྱབ་ན་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་པའི་ནད་དཔེ་41625ཟིན་པ། འཆི་བའི་ནད་དཔེ་2870ཟིན་པ། སྙན་སེང་ཞུས་པའི་གཏན་འཁེལ་བའི་ནད་དཔེ་79824ཟིན་པ། ད་ཡོད་དོགས་ཡོད་ནད་དཔེ་851ཡོད་པ་རེད། ཧུའུ་པེ་ཕུད་ཞིང་ཆེན་གཞན་དག་ཏུ་གསར་སྣོན་གཏན་འཁེལ་བའི་ནད་དཔེ་ཉིན་3བསྟུད་མར་གྲངས་གནས་གཅིག་རྒྱུན་འཁྱོངས་ཐུབ་ཡོད། ཉེ་བའི་གཟའ་འཁོར་གཅིག་རིང་ཝུའུ་ཧན་དང་ཧུའུ་པེ་དང་རྒྱལ་ཡོངས་སུ་གཏན་འཁེལ་བའི་ནད་དཔེ་དྲག་སྐྱེད་ཡོང་ཚད་སྤྱིར་ན་རྒྱུན་མཐུད་ངང་འཕར་བ་དང་། རྒྱལ་ཡོངས་སུ་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་པའི་བསྡུར་གྲངས་52.1%ཟིན་པ་དེ་ལས་རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དུས་བབ་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་། སྨན་བཅོས་སྐྱོབ་བཅོས་ཀྱི་ཕན་འབྲས་མངོན་གསལ་དོད་པ། སྐྱོབ་བཅོས་ཀྱི་གནོན་ཤུགས་རིམ་བཞིན་ཆུང་དུ་འགྲོ་བཞིན་ཡོད་པ་བཅས་གསལ་བཤད་ཐུབ་ཀྱི་ཡོད།

“མིག་སྔར་གཏན་འཁེལ་བའི་ནད་དཔེ་ཅུང་མང་བའི་ཧན་གོ་དང་། རི་པིན། དབྱི་ཐ་ལི། དབྱི་རན་སོགས་རྒྱལ་ཁབ་ཏུ་ཕྱིར་སྡོད་རང་མི་དང་ཕྱི་སྦྱོང་སློབ་མ་སོགས་མི་ཉུང་བ་ཞིག་ཡོད་པས། ཀྲུང་གོ་སྲིད་གཞུང་གིས་ཁོང་ཚོ་ཡུལ་དེ་དག་ལ་སྡོད་སྐབས་ཀྱི་བདེ་ཐང་དང་བདེ་འཇགས་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད”ཅེས་ཕྱི་འབྲེལ་པུའི་གཞུང་ཚབ་དོན་གཅོད་སིའི་སི་ཀྲང་ཚུའེ་ཨའེ་མིང་གིས་དེ་ལྟར་བརྗོད་པ་དང་། ཁོང་གིས་གལ་ཏེ་རིམས་ནད་ཀྱིས་ཡུལ་དེ་གར་གནས་པའི་རང་རྒྱལ་གྱི་མི་སྣའི་བདེ་ཐང་དང་བདེ་འཇགས་ལ་འཇིགས་སྐུལ་ཚབས་ཆེན་བཟོས་ཚེ་ཁོང་ཚོ་རྒྱལ་ནང་དུ་ལོག་པར་གཞོགས་འདེགས་དང་བཀོད་སྒྲིག་ཧུར་ཐག་བྱ་རྒྱུ་ཡིན། “རང་རྒྱལ་གྱིས་སྔ་རྗེས་སུ་དུས་གཏན་གནམ་གྲུ་ཐེངས་10བཏང་ནས་རྒྱལ་ཁབ་མང་པོར་བསྐྱོད་དེ་ཀྲུང་གོའི་སྤྱི་དམངས་1314ཚུར་བསུས་པ་མ་ཟད། རི་པིན་ནས་ཕ་ལམ་ཀོང་ཇོ་རྟགས་ཅན་གྱི་གྲུ་གཟིངས་ཐོག་ནས་ཤང་ཀང་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་གྲོང་མི་200ཙམ་ཚུར་བསུས་ཡོད། ཕྱི་འབྲེལ་པུའི‘12308’ཐད་སྦྲེལ་ཞབས་ཞུའི་ཁ་པར་ཉིན་མཚན་དབྱེར་མེད་ནུས་ཆེའི་འཁོར་རྒྱུག་བྱེད་དུ་བཅུག་པ་དང་། རིམས་ནད་ཅུང་ཚབས་ཆེ་བའི་སྐབས་སུ་ཉིན་རེར་ཆ་སྙོམས་མི་ཐབས་ཀྱིས་རོགས་སྐྱོབ་ཁ་པར་ལེན་ཚད་ཐེངས་1000ཡན་ཟིན་གྱི་ཡོད”ཅེས་བརྗོད།

འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་རིམས་ནད་མ་འགོས་པ་བྱ་རྒྱུ་དེ་ཉིད་མིག་སྔར་འགག་སྒོའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ཡོད། འགག་སྒོ་སྤྱི་ཁྱབ་ཧྲུའུ་འཕྲོད་བསྟེན་དང་ནད་ཡམས་ཞིབ་བཤེར་སིའི་སི་ཀྲང་ལིན་ཝུའེ་ཡིས་འགག་སྒོས་མཐའ་མཚམས་ནས་འགྲོ་འོང་བྱེད་མཁན་མི་སྣ་ཡོད་དོ་ཅོག་ལ“ཞིབ་བཤེར་དང་། འཐེན་བཤེར། སྐོར་ཞིབ་བཅས་གསུམ་དང་། གྲལ་བཤེར་གསུམ། དབོར་འདྲེན་གཅིག”བཅས་ཀྱི་ནད་ཡམས་ཞིབ་བཤེར་བྱ་ཐབས་ལག་བསྟར་ནན་པོ་བྱས་ཡོད།“ཞིབ་བཤེར་དང་། འཐེན་བཤེར། སྐོར་ཞིབ་བཅས་གསུམ་ནི་བདེ་ཐང་གི་འདུན་ཞུར་ཞིབ་བཤེར་100%བྱེད་པ་དང་། ཚ་བ་ཡོད་མེད་ཕྱོགས་ཡོངས་ནས་འཐེན་བཤེར་བྱེད་པ། གསོ་རིག་གི་སྐོར་ཞིབ་ལག་བསྟར་ནན་པོ་བྱེད་པ”བཅས་རེད། “གྲལ་བཤེར་གསུམ”ནི་ནད་རྟགས་ཡོད་པའི་མི་སྣའམ་ཡང་ན་རིམས་ནད་ཅུང་ཚབས་ཆེ་བའི་རྒྱལ་ཁབ་བམ་ཡང་ན་ས་ཁུལ་གྱི་མི་སྣ་དང་དེ་བཞིན་འབྲེལ་བ་དམ་ཟབ་བྱུང་མཁན་སོགས་ཤེས་རྟོགས་ཐུབ་ཚེ་རིམས་ནད་རིག་པའི་གྲལ་བཤེར་དང་། གསོ་རིག་གི་གྲལ་བཤེར། ཚོད་ལྟ་ཁང་གི་ཞིབ་དཔྱད་གྲལ་བཤེར་བཅས་བྱེད་དགོས་པ་དེ་རེད། “དབོར་འདྲེན་གཅིག”ནི་གཏན་འཁེལ་བའི་ནད་དཔེ་དང་། དོགས་ཡོད་ནད་དཔེ། ནད་རྟགས་ཡོད་པའི་ནད་དཔེ། འབྲེལ་བ་དམ་ཟབ་བྱུང་མཁན་སོགས་ཚང་མར་གཏན་འབེབས་བཞིན་དབོར་འདྲེན་དང་། ལོགས་སུ་འཇོག་པ། སྨན་ཁང་དུ་ཉར་ནས་ལྟ་ཞིབ་བྱེད་པ་སོགས་ཀྱི་བྱ་ཐབས་དེ་དག་རེད་ཅེས་ངོ་སྤྲོད་བྱས།

ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ཀྱི་ཉམས་མྱོང་དང་བྱ་ཐབས་བཟང་པོ་རྣམས་ཧན་གོ་དང་རི་པིན་སོགས་འབྲེལ་ཡོད་རྒྱལ་ཁབ་ལ་མཉམ་སྤྱོད་བྱས་ཡོད། “ང་ཚོས་འབྲེལ་ཡོད་རྒྱལ་ཁབ་དང་གྲོས་བསྡུར་བྱས་ཏེ་རིམས་འགོག་བྱ་ཐབས་ཐད་ལག་རྩལ་གྱི་ཚད་གཞི་གཅིག་གྱུར་བཟོ་བ་དང་ཆུ་ཚད་གཅིག་མཚུངས་ཀྱི་སྔོན་འགོག་ཚོད་འཛིན་བྱ་ཐབས་སྤྱད་དེ་ཐུན་མོང་ཐོག་རིམས་ནད་མཆེད་རྒྱུ་འགོག་བཞིན་ཡོད”ཅེས་དམངས་སྤྱོད་མཁའ་འགྲུལ་ཅུས་འཕུར་སྐྱོད་ཚད་ལྡན་སིའི་སི་ཀྲང་ཀྲུའུ་ཐའོ་ཡིས་དེ་ལྟར་བརྗོད།

རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་མཐའ་མཚམས་ཞིབ་བཤེར་དོ་དམ་སིའི་སི་ཀྲང་ལིའུ་ཧའེ་ཐའོ་ཡིས་ཀྲུང་གོར་སྨན་བཅོས་རོགས་སྐྱོབ་དང་། སྨན་རྫས་གསར་སྤེལ། རིག་གཞུང་སྤེལ་རེས་སོགས་རིམས་འགོག་ལས་དོན་ནང་ཞུགས་མཁན་གྱི་རྒྱལ་ཁབ་ཕྱི་ནང་གི་མི་སྣར་ས་གནས་ཁག་གི་སྤྱི་བདེའི་མཐའ་མཚམས་འགྲོ་འོང་དོ་དམ་སྡེ་ཚན་གྱིས་ཉིན་མཚན་དབྱེར་མེད་དུ་ལས་དུས་འཕར་མ་བྱས་ཏེ་ལག་ཁྱེར་གཉེར་བའི་ཞབས་འདེགས་ཞུས་ཡོད། ཀྲུང་གོར་རིམས་འགོག་གམ་ཡང་ན་ཚོང་དོན་དང་ཚན་ཞིབ་བྱེད་སྒོ་གལ་ཆེན་ལ་ཞུགས་པར་ཡོང་བའི་ཕྱི་རྒྱལ་གྱི་མི་སྣ་འཕྲལ་དོན་རྐྱེན་པས་ཀྲུང་གོར་ཡོང་སྐབས་སྔོན་ཚུད་ནས་ཐོངས་མཆན་གཉེར་ལོང་མ་བྱུང་ཚེ་མཐའ་མཚམས་ཀྱི་འཛུལ་སྒོ་ནས་ཐོངས་མཆན་གཉེར་ཆོག་ཅེས་བརྗོད།

(བསྟན་བློས་བསྒྱུར། བསོད་བདེ་གཞོན་པས་ཞུས)