《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月03日

རང་རྒྱལ་དུ་སླར་ཡང་ཞིང་ཆེན་དང་གྲོང་ཁྱེར་8ཀྱི་རྫོང་ དབུལ་པོ་ཚང་མ་དབུལ་ཞྭ་ཕུད་པ།

རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསད་ངང་ལས་ཀ་དོན་འཁྱོལ་དམ་འཛིན་ནན་པོ་བྱེད་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་3ཚེས་1ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གི་བསྡོམས་རྩིས་གསར་ཤོས་ལས་མངོན་པ་ལྟར་ན། ན་ནིང་ལོ་མཇུག་ཏུ་བོད་ཀྱིས་རྫོང་དབུལ་པོ་ཡོངས་རྫོགས་དབུལ་ཞྭ་ཕུད་པའི་ཁྱབ་བསྒྲགས་བྱས་རྗེས་འདི་ལོ་ཟླ་2པའི་ཟླ་མཇུག་ཏུ་ཧོ་པེ་དང་། ཧྲན་ཤིས། ཧེ་ལུང་ཅང་། ཧོ་ནན། ཧུའུ་ནན། ཧའེ་ནན། ཁྲུང་ཆིང་། ཧྲའན་ཤིས་བཅས་ཞིང་ཆེན་དང་གྲོང་ཁྱེར་8ཀྱི་རྫོང་དབུལ་པོ་ཚང་མ་དབུལ་ཞྭ་ཕུད་པའི་ཁྱབ་བསྒྲཌ་བྱས་པ་རེད།

ཟླ་བ་གཉིས་པའི་ཟླ་མཇུག་བར་2019ལོར་དབུལ་ཞྭ་འབུད་རྒྱུའི་འདུན་ཞུ་ཕུལ་བའི་རྫོང་དབུལ་པོའི་ནང་དབུས་ནུབ་རྒྱུད་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་22ཀྱི་ཧོ་པེ་དང་། ཧྲན་ཤིས། ཧེ་ལུང་ཅང་། ཧོ་ནན། ཧུའུ་ནན། ཧའེ་ནན། ཁྲུང་ཆིང་། སི་ཁྲོན། བོད་ལྗོངས། ཧྲའན་ཤིས། ཤིན་ཅང་བཅས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་11གི་རྫོང་དབུལ་པོ་165དབུལ་ཞྭ་ཕུད་ཡོད། དེའི་ནང་ཧོ་པེ་དང་། ཧྲན་ཤིས། ཧེ་ལུང་ཅང་། ཧོ་ནན། ཧུའུ་ནན། ཧའེ་ནན། ཁྲུང་ཆིང་། བོད་ལྗོངས། ཧྲའན་ཤིས་བཅས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་9ཡི་རྫོང་དབུལ་པོ་ཡོངས་རྫོགས་དབུལ་ཞྭ་ཕུད་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། དབུས་རྒྱུད་ས་ཁུལ་གྱི་རྫོང་དབུལ་པོ་དབུལ་པོར་འགྱུར་ཚད་2%མན་ཆག་པ་དང་། ནུབ་རྒྱུད་ས་ཁུལ་དུ་3%མན་ཆག་པ་དེ་ནི་རྫོང་དབུལ་པོ་ལས་ཕྱིར་འཐེན་གྱི་བསྡུར་ཞིབ་ཚད་གཞི་གཙོ་བོ་དེ་རེད།

འདི་ལོ་ནི་དབུལ་སྒྲོལ་འགག་སྒྲོལ་ཕྱོགས་ཡོངས་ནས་མཇུག་བསྡུའི་ལོ་ཞིག་ཡིན་པས་མིག་སྔར་ད་དུང་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསད་ཧུར་ཐག་བྱེད་དགོས་པར་བརྟེན་ངེས་པར་དུ་འགག་སྒྲོལ་ལས་ཀ་དོན་འཁྱོལ་ཡོང་བར་དམ་འཛིན་ནན་པོ་བྱེད་དགོས། ཧའེ་ནན་གྱིས་ཚེས་29ཉིན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ་ཝུའུ་ཀྲི་ཧྲན་གྲོང་ཁྱེར་དང་། ལིན་ཀའོ་རྫོང་། པའེ་ཧྲ་ལི་རིགས་རང་སྐྱོང་རྫོང་བཅས་རྫོང་དབུལ་པོའི་གྲས་ནས་ཕྱིར་འཐེན་གྱི་ཁྱབ་བསྒྲགས་བྱས་པ་དང་དུས་མཚུངས་གྲོང་ཁྱེར་དང་རྫོང་གསུམ་པོས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལས་བྱུང་བའི་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་ཧུར་ཐག་གཅོག་པ་མ་ཟད། བྱ་ཐབས་ནུས་ལྡན་སྤྱད་དེ་དབུལ་པོ་རང་ལོག་སྔོན་འགོག་བྱས་ནས་དབུལ་སྒྲོལ་གྲུབ་འབྲས་ཀྱིས་ཞིབ་བཤེར་ཐེག་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ཧེ་ལུང་ཅང་གིས་ཉེན་ཁའི་འདུ་ཤེས་དང་སེམས་ཁྲལ་གྱི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ནས་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསད་ཧུར་ཐག་བྱས་ཏེ་རིམས་ནད་དང་རྒྱུ་མཚན་གཞན་གྱི་དབང་གིས་དབུལ་པོ་རང་ལོག་ཡོང་རྒྱུ་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས་པའི་ནན་བཤད་བྱས་ཡོད།

རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གིས་རྫོང་དབུལ་པོ་དབུལ་ཞྭ་ཕུད་རྗེས་ད་དུང་མི་འབོར་དབུལ་པོ་ཁག་གཅིག་ལྷག་ཡོད་པ་དེས་མུ་མཐུད་འགག་སྒྲོལ་ཡོང་བ་བྱེད་དགོས། ཚད་གཞི་དམའ་རུ་མི་གཏོང་བ་དང་སྟོབས་ཤུགས་ཁ་མི་འགྲེམས་རྒྱུ་མཐའ་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ལྷག་མ་ལེགས་སྒྲུབ་བྱེད་དགོས། ཧོ་པེ་དང་། ཧྲན་ཤིས། ཧའེ་ནན་སོགས་ཀྱིས་བརྡ་ཐོ་བཏང་ནས་འབྲེལ་ཡོད་སྡེ་ཚན་གྱིས་མུ་མཐུད་རོགས་སྐྱོར་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་བྱེད་རིང་སྔར་ཡོད་ཀྱི་དབུལ་སྐྱོར་སྲིད་ཇུས་ལ་འགྱུར་བ་མི་གཏོང་རྒྱུ་རྒྱུན་འཁྱོངས་ཐོག་དབུལ་སྐྱོར་དཔྱད་ཞིབ་ཀྱི་ཚོད་སྐོར་ནན་ཤོས་མུ་མཐུད་ལག་ལེན་བསྟར་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

“མིག་སྔར་ཧོ་ནན་དུ་ད་དུང་མི་འབོར་དབུལ་པོ་ཁྲི་35དང་གྲོང་ཚོ་དབུལ་པོ་52དབུལ་སྒྲོལ་ཐུབ་མེད་པས་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་མ་ཐུབ་བར་ང་ཚོའི་འབད་བརྩོན་བྱེད་མཚམས་གཏན་ནས་འཇོག་གི་མིན”ཞེས་ཧོ་ནན་ཞིང་ཆེན་དབུལ་སྐྱོར་གཞུང་དོན་ཁང་གི་འབྲེལ་ཡོད་འགན་འཁུར་བས་བརྗོད་པ་རེད།

(བདེ་སྐྱིད་སྒྲོལ་དཀར་གྱིས་བསྒྱུར། བདེ་སྒྲོལ་དང་བསོད་དཔའ་ཡིས་ཞུས)