《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月05日

“གནས་སྐབས་ཏང་ཀྲི་པུའུ”རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོའི“གསར་བརྗེའི་ས་ཚུགས”སུ་གྱུར་པ།

འདི་ག་ཚགས་པར་གྱི་གསར་འགོད་པ། ཝང་མེ།

ཟླ་2ཚེས་1ཉིན་གྱི་ཕྱི་དྲོའི་ཆུ་ཚོད་3པར། གྲོ་ཚང་མྱུར་བགྲོད་གཞུང་ལམ་གྱི་ལམ་མདོར་རླངས་འཁོར་གོ་རིམ་ལྡན་པའི་ངང་སྐྱོད་བཞིན་ཡོད་པ་དང་། ཅིང་བོད་མྱུར་བགྲོད་གཞུང་ལམ་གྲོ་ཚང་ཐོན་སྒོའི་རིམས་ནད་ཞིབ་བཤེར་ས་ཚུགས་ཀྱི“གནས་སྐབས་ཏང་ཀྲི་པུའུ”ཡི་ཏང་ཡོན་18ཀྱིས་ལུས་ལ་འགོག་སྲུང་གྱོན་ཆས་གྱོན་ཏེ། “གནས་སྐབས་ཏང་ཀྲི་པུའུ”འཛུགས་པའི་མཛད་སྒོ་སྟབས་བདེ་ཞིག་གཉེར་བ་རེད། དེ་རྗེས་འཕྲལ་མར་ཕྱི་ཕྱོགས་ནས་ཡོང་བའི་རླངས་འཁོར་ཐོ་འགོད་དང་ཐོན་སྒོ་དང་འཛུལ་སྒོ་ནས་ཚ་བ་རྒྱས་པའི་འགྲུལ་པ་ཡོད་མེད་ལ་གྲལ་བཤེར་བྱས་པ་དང་འབྲེལ། བློ་འདྲི་བྱེད་པར་ཡོང་མཁན་ལ་ངང་རྒྱུད་རིང་པོས་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་འགྲེལ་བཤད་བརྒྱབ་པ་རེད།

“ཏོག་དབྱིབས་ནད་དུག་གསར་པར་འགོག་རྒོལ་བྱེད་པའི་འགག་རྩའི་དུས་སུ། ཏང་ཡོན་ཞིག་གི་ངོས་ནས་རང་ཉིད་ཀྱི་འགན་འཁྲི་ཧ་ཅང་ལྕི་པོ་ཡོད་པ་ཚོར་གྱི་འདུག གནས་སྐབས་ཏང་ཀྲི་པུའུ་འཛུགས་རྒྱུ་ནི་དགོས་ངེས་ཀྱི་བྱ་ཐབས་ཤིག་རེད། འགྱུར་མེད་སྟོབས་ལྡན་གྱི་མཁར་རྫོང་དེ་ཡོད་ཕྱིན་ས་གནས་ས་ཐོག་གི་བཀོད་འདོམས་བཀོད་གཏོང་ལ‘རྐང་འཛིན་པ’ཞིག་ཡོད་པ་དང་། ལས་ཀའི་ཁྲོད་ཀྱི་དཀའ་གནད་ཀྱང་ལས་སླ་པོར་ཐག་གཅོད་ཐུབ་ཀྱི་རེད”ཅེས་ཅིང་བོད་མྱུར་བགྲོད་གཞུང་ལམ་གྲོ་ཚང་ཐོན་སྒོའི“གནས་སྐབས་ཏང་ཀྲི་པུའུ”ཡི་ཧྲུའུ་ཅི་ཏུའུ་ཧུང་ཞང་གིས་བཤད།

གློ་བུར་དུ་ཐོན་པའི་རིམས་ནད་མདུན་དུ་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྲོ་ཚང་ཆུས་ཀྱིས་རིམ་ཁག་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་གུང་ཁྲན་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱས་པ་དང་། ལས་ཀའི་ལས་འགན་གྱི་དགོས་མཁོར་གཞིགས་ནས་འགྲོ་ལམ་འགྲིམ་འགྲུལ་གྱི་རིམས་ནད་ཞིབ་བཤེར་ས་ཚུགས་ཀྱི“གནས་སྐབས་ཏང་ཀྲི་པུའུ”4བཙུགས་པ་མ་ཟད། ཏང་ཡོན་40ཡིས་འཕྲལ་མ་ཉིད་དུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་མདུན་མར་འགོག་རྒོལ་བྱེད་པར་བསྐྱོད་པ་དང་། ཏང་དར་རེ་རེ་བཞིན་མང་ཚོགས་ཀྱི་དགོས་མཁོ་ཆེ་ཤོས་ཀྱི་ས་ཆར་བཙུགས་པས“གནས་སྐབས་ཏང་ཀྲི་པུའུ”དང་རྒྱ་ཆེའི་ཏང་ཡོན་ཚང་མ་རིམས་ནད་ལ་འགོག་རྒོལ་བྱེད་པའི་རྐང་འཛིན་སྟོབས་ཤུགས་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་མདུན་མའི“གསར་བརྗེའི་ས་ཚུགས”སུ་གྱུར་པ་རེད།

“གནས་སྐབས་ཏང་ཀྲི་པུའུ”ཡི་སྣེ་ཁྲིད་འོག ཆུས་ཡོངས་ཀྱི་གྲོང་གསེབ་ཀྱི་ཏང་ཡོན་4313རང་འགུལ་ངང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ནང་ཞུགས་པ་དང་། གྲོང་ཚོ་དང་སྡེ་ཁུལ་གྱི་ཐོན་སྒོ་དང་འཛུལ་སྒོར་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ལས་བྱེད་པ་དང་། ཏང་ཡོན། ཏང་ཞུགས་ཧུར་བརྩོན་ཅན་སོགས་ཞུགས་པའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཚོགས་ཆུང་བཙུགས་ཡོད། མིག་སྔའི་བར། ཆུས་ཡོངས་ཀྱི་འགྲིམ་འགྲུལ་གྱི་ལམ་ མདོ་དང་། གྲོང་ཚོའི་སྲང་ལམ། སྡེ་ཁུལ་གྱི་སྒོ་འགྲམ་བཅས་ཚང་མར་ཏང་རྟགས་དང་དཔུང་རྟགས་བཏགས་པའི་གུང་ཁྲན་ཏང་ཡོན་གྱི་བྲེལ་བརྩོན་ཆེ་བའི་གཟུགས་བརྙན་མཐོང་རྒྱུ་ཡོད། ཆུས་ཡོངས་སུ་ཁྱོན་ཏང་ཡོན་གྱི་ཁ་ཏ་སློབ་སྟོན་ས་ཚིགས་480ལྷག་ཙམ་བཙུགས་ཡོད་པས་རིམས་ནད་འགོག་པའི་འགྱུར་མེད་སྟོབས་ལྡན་གྱི་མཁར་རྫོང་ཞིག་བསྐྲུན་ཡོད།

(བསོད་ནམས་དཔའ་མོས་བསྒྱུར། བདེ་སྒྲོལ་གྱིས་ཞུས)