《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月05日

“བོད་ནས་བསྐུར་བའི་སྦྲག་ཐོག་བསྐུར་མ་ཁྱེད་ལ་འབྱོར་བྱུང་ངམ”

—— རིམས་འགོག་དམག་འཐབ་དེའི་ནང་བོད་ཀྱི་སྦྲག་སྲིད་མི་སྣས་བྱ་སྤྱོད་སྤེལ་བཞིན་པ།

“ངས་ལས་ཁུངས་ལ་ཕྱོགས་གསུམ་པའི་གྲོས་མཐུན་སོགས་ལས་ཞུགས་ཀྱི་དཔྱད་གཞི་བསྐུར་བར་ཡོང་བ་ཡིན། གྲོགས་པོར་སྐད་ཆ་དྲིས་ནས་ཤེས་གསལ། མ་གཞི་ད་ཆ་བོད་ལ་ཡང་རིམས་ནད་ཐོན་ཡོད་ཀྱང་སྦྲག་སྲིད་ཀྱི་ཞབས་ཞུ་རྒྱུན་གཏན་བཞིན་སྒྲུབ་བཞིན་ཡོད་པས་དེ་རིང་སྔ་པོ་ནས་སྦྲག་སྲིད་ཅུས་ལ་ཡོང་བ་ཡིན”ཞེས་ནན་ཅིང་སློབ་ཆེན་གྱི་ལོ་རིམ་བཞི་པའི་སློབ་མ་དབྱངས་སྒྲོན་གྱིས་ཁ་རས་བརྒྱབ་ནས་གསར་འགོད་པར་བརྗོད།

ཞོགས་པའི་ཆུ་ཚོད་9དང་ཕྱེད་ཀ་ཙམ་ལ་གསར་འགོད་པས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་འགྲམ་གྱི་ལྷ་ས་གྲོང་ཁྱེར་སྦྲག་སྲིད་ལྟེ་གནས་ཉིང་ལག་ཅུས་ནས་མཐོང་བར། དབྱངས་སྒྲོན་ཕུད་ད་དུང་ཁ་རས་བརྒྱབ་པའི་མི་ཁ་ཤས་ཀྱིས་ཞབས་ཞུ་ཁུལ་དུ་ཁ་གདན་དང་སྤོས་སོགས་དངོས་ཟོག་སྐུར་བཞིན་ཡོད་པ་རེད།

“མ་གཞི་ད་ལྟ་དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་དུས་ཚོད་ཡིན་པ་མ་ཟད། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ཀྱང་ང་ཚོའི་ལས་མི་7གྱིས་ཉིན་ལྟར་ཞོགས་པའི་ཆུ་ཚོད་9ནས་ཕྱི་དྲོའི་ཆུ་ཚོད་6དང་ཕྱེད་ཀ་བར་སྔར་བཞིན་ལས་སྒོ་གཉེར་གྱི་ཡོད”ཅེས་ལྷ་ས་གྲོང་ཁྱེར་སྦྲག་སྲིད་ལྟེ་གནས་ཉིང་ལག་ཅུས་ཀྱི་འགན་འཁུར་བ་ལེང་ཡན་གྱིས་བཤད།

གསར་འགོད་པས་མཐོང་གསལ། ལས་སྒྲུབ་སྟེགས་བུའི་རྒྱབ་ཏུ་ཀྲུང་གོ་སྦྲག་སྲིད་ཀྱི་ལས་གོས་གྱོན་པ་དང་ཁ་རས་བརྒྱབ་པའི་ལས་དོན་མི་སྣ་འགའ་ཞིག་གིས་ལས་བགོས་ཁ་གསལ་དང་གོ་རིམ་ལྡན་པའི་ངང་ལས་ཀ་བྱེད་བཞིན་ཡོད་ཅིང་། འགའ་ཞིག་དངོས་རྫས་ལ་ཐུམ་སྒྲིལ་རྒྱག་བཞིན་པ་དང་། འགའ་ཞིག་བསྐུར་མའི་ལྗིད་ཚད་འཇལ་བཞིན་པ། ཡང་འགའ་ཞིག་ཤོག་བྱང་སྦྱར་ཟིན་པའི་བསྐུར་མ་ཟོག་འདྲེན་རླངས་འཁོར་ལ་དབོར་བཞིན་ཡོད་པ་རེད།

“རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཆེད་དུ་ལས་དོན་པ་ཡོངས་ཀྱིས་བླང་བྱ་ལྟར་ལག་ཤུབས་གྱོན་པ་དང་ཁ་རས་བརྒྱབ་པ་དང་འབྲེལ། ཆེད་མི་བཀོད་སྒྲིག་བྱས་ནས་སྤྱི་པའི་ཁུལ་ཁོངས་སུ་ཉིན་རེར་དུག་སེལ་ཐེངས་གཉིས་རེ་བྱེད་ཀྱི་ཡོད། གལ་ཏེ་འཛད་སྤྱོད་པ་མང་པོ་ཡོད་ཚེ་ད་དུང་མི་ཁ་སྣོན་རྒྱག་གི་ཡོད”ཅེས་ལེང་ཡན་གྱིས་བཤད།

འཛད་སྤྱོད་པའི་བསྐུར་མར་ཐུམ་རྒྱག་རོགས་བྱས་མ་ཐག་པའི་ཉི་མ་མཚམས་གཅོད་ཀྱིས་གསར་འགོད་པར། ང་ལོ་གསར་ཚེས་གཅིག་ཉིན་ནས་ང་ལས་ཀར་ཡོང་བ་ཡིན། སྐབས་དེ་དུས་མེ་འཁོར་སྤ་སེ་དང་གནམ་གྲུའི་སྤ་སེ་འཚོང་རོགས་སོགས་ཀྱི་ལས་སྒོ་སྒྲུབ་ཀྱི་ཡོད། རིམས་ནད་ཀྱི་ཤུགས་རྐྱེན་དབང་གིས་མི་སེར་མང་པོ་ཞིག་སྤ་སེ་སློག་པར་ཡོང་གི་འདུག་ཅེས་བཤད། འཐབ་ས་དང་པོར་ལས་ཀ་བྱེད་སྐབས་ནད་ཡམས་འགོ་བའི་སེམས་ཁྲལ་འདུག་གམ་ཞེས་འདྲི་སྐབས། ཉི་མ་མཚམས་གཅོད་ཀྱིས་ངོ་ཚ་སྨིན་པོས“ད་ལྟའི་རིམས་ནད་ཀྱི་དུས་བབ་དེར་སེམས་ཁྲལ་ཏོག་ཙམ་འདུག འོན་ཀྱང་། ཚན་པའི་འགོག་སྲུང་བྱེད་ཐབས་ཁག་གནད་ལ་འཁེལ་པོ་འདུག”ཅེས་བཤད་རྗེས་ཁོང་གིས་བསྐྱར་དུ་བསྐུར་མ་ཐུམ་སྒྲིལ་རྒྱག་པར་ཕྱིན།

ཚགས་པར་བགོ་བཤའི་པན་གྱི་པན་ཀྲང་རྡོ་རྗེ་དབང་འདུས་ཀྱིས་ངོ་སྤྲོད་བྱས་པར། དཔྱིད་གསར་དུས་ཆེན་རིང་ཏང་གི་ཚགས་པར་དང་དུས་དེབ་ཀྱི་ལས་འབོར་ཉུང་དུ་ཕྱིན་ཡོད། འོན་ཀྱང་གནམ་གང་ནས་ད་བར། ཉིན་ལྟར་ཚགས་པར་དང་དུས་དེབ་ཁྲི་40ལྷག་ཙམ་སྔར་བཞིན་སྐྱེལ་དགོས་ཀྱི་ཡོད། ཁོང་གིས“དཔྱིད་གསར་དུས་ཆེན་རིང་ང་ཚོའི་ལས་མི་ཚང་མ་ལས་གནས་ཐོག་ཡོད། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་དུས་ཏང་གི་སྲིད་ཇུས་དང་འབོད་སྐུལ་བོད་ཀྱི་གཞི་རིམ་མང་ཚོགས་ལ་དེ་བས་བརྒྱུད་བསྒྲགས་བྱེད་དགོས”ཞེས་བཤད།

བསྐུར་མ་བཀོད་སྒྲིག་ལྟེ་གནས་སུ་སྐྱོད་སྐབས། “བྱ་སྤྱོད་ཀྱི་དམ་བཅའ”ཞེས་འཁོད་པའི་གྱང་ངོས་ཀྱིས་གསར་འགོད་པའི་མིག་དབང་རང་དབང་མེད་པར་འཕྲོག

དམ་བཅའི་ནང་བརྗོད་པ་ལྟར། བསྐུར་མ་རེ་རེ་ལས་ཁྱིམ་གྱི་དྲོ་སྐྱིད་མཚོན་པ་དང་། ཚགས་པར་དང་དུས་དེབ་རེ་རེ་ལས་ཏང་ཀྲུང་དབྱང་གི་ཐུགས་ཁུར་མཚོན་ཡོད། རིམས་ནད་ནི་དམག་འཐབ་ཅིག་ཡིན་པས་བོད་ཀྱི་སྦྲག་སྲིད་ལས་མི་སྟོང་ཕྲག་གིས་རང་ཉིད་ཀྱི་ལས་གནས་ཐོག་རིམས་ནད་ཀྱི་དམག་འཐབ་དེར་ཁ་གཏད་གཅོག་བཞིན་ཡོད།

(ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་2ཚེས་3ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང)