《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月05日

ཕྱི་འབྲེལ་པུས།

རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ལ་དཔྱོད་ཤེས་དང་བབ་བརླིང་གི་སྒོ་ནས་ངོས་འཛིན་བྱ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཚེས་3ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ལ་དཔྱོད་ཤེས་དང་བབ་བརླིང་གི་སྒོ་ནས་ངོས་འཛིན་བྱེད་པ་དང་སྦྲགས་ཚན་རིག་དང་མཐུན་ལ་ལུགས་མཐུན་ངང་ཁ་གཏད་གཅོག་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད།

ཉིན་དེར་འཚོགས་པའི་ཕྱི་འབྲེལ་པུའི་དྲ་ཐོག་གི་གསར་འགོད་པའི་ཚོགས་འདུ་ཐོག་མའི་ཐོག་གསར་འགོད་པ་ཞིག་གིས། ཉེ་དུས་རྒྱལ་ཁབ་ཁག་གཅིག་གིས་ཀྲུང་གོའི་སྤྱི་དམངས་རྒྱལ་མཚམས་ནང་འཛུལ་རྒྱུར་ཚོད་འཛིན་གྱི་བྱེད་ཐབས་སྔ་རྗེས་སུ་ཁྱབ་བསྒྲགས་བྱས་པའི་ནང་ཨ་རིས་ཀྲུང་གོར་ཡུལ་སྐོར་དུ་སྐྱོད་པའི་ཉེན་ཁའི་རིམ་པ་མཐོ་ཤོས་སུ་སྤར་བ་དང་སྦྲགས་ཟླ་2ཚེས་2ཉིན་ནས་བཟུང་སྔོན་གྱི་ཉིན་14ཡི་ནང་ཀྲུང་གོར་ཡུལ་སྐོར་དུ་སྐྱོད་མཁན་ཕྱི་རྒྱལ་བ་ཚང་མ་གནས་སྐབས་རྒྱལ་མཚམས་ནང་འཛུལ་རྒྱུ་བཀག་འགོག་བྱས་ཡོད་པས་དེའི་ཐད་ཀྲུང་གོ་ཕྱོགས་ཀྱིས་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ།

ཧྭ་ཁྲུན་ཡིང་གིས“རིམས་ནད་ཐོན་ཚུན་ཀྲུང་གོ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་བདེ་ཐང་ལ་ཚད་མཐོའི་འགན་ཁུར་བའི་རྣམ་འགྱུར་ཐོག་ནས་ཆེས་ཕྱོགས་ཡོངས་དང་ཆེས་ནན་ཤོས་ཀྱི་སྔོན་འགོག་ཚོད་འཛིན་བྱེད་ཐབས་བཟོས་ཡོད་པ་དང་བྱེད་ཐབས་མང་དག་ཅིག《རྒྱལ་སྤྱིའི་འཕྲོད་བསྟེན་སྲོལ་ཡིག》གི་བླང་བྱ་ལས་མཐོ་བ་ཡོད་པས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་གྱིས“ཀྲུང་གོས་རིམས་ནད་ཐོན་པར་ཁ་གཏད་གཅོག་པའི་ཚད་གཞི་གསར་པ་བཟོས་ཡོད”ཅེས་བསྔགས་བརྗོད་བྱས་ཡོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཐེན་ཏེ་སའེ་ཡིས་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ནི“རྒྱལ་སྤྱིས་དོ་ཁུར་བྱེད་པའི་ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཞིག་ཡིན་པའི”རྒྱུ་རྐྱེན་ཁྱབ་བསྒྲགས་བྱས་པ་ལས་ཀྲུང་གོར“ཡིད་ཆེས་མ་བྱས་པ་ཞིག”མ་ཡིན་པར་དེ་ལས་ལྡོག་སྟེ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཀྲུང་གོས་རིམས་ནད་ཁྱབ་རྒྱུ་ཚོད་འཛིན་བྱེད་ཐུབ་པའི་ཡིད་ཆེས་ཡོད། རྒྱལ་སྤྱིའི་ཡུལ་སྐོར་དང་ཚོང་དོན་ལ་དགོས་མེད་ཀྱི་ཚོད་འཛིན་བྱེད་ཐབས་སྤྱོད་པའི་རྒྱུ་མཚན་གང་ཡང་མེད་ཅེས་ཁ་གསལ་བཏོན་ཡོད་ཅེས་བརྗོད།

ཧྭ་ཁྲུན་ཡིང་གིས་རྒྱལ་ཁབ་མང་ཆེ་བས་ཀྲུང་གོ་ཕྱོགས་ཀྱིས་རིམས་ནད་ལ་འགོག་རྒོལ་བྱེད་ཐབས་སྤྱད་པར་བསྔགས་བརྗོད་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད་པས་ཉེ་དུས་ཀྲུང་གོའི་སྤྱི་དམངས་རྒྱལ་མཚམས་ནང་འཛུལ་བར་ནད་ཡམས་བརྟག་ཞིབ་དང་རིམས་འགོག་གི་བྱེད་ཐབས་སྤྱད་པའམ་ཡང་ན་ཤུགས་ཆེར་བཏང་བར་ང་ཚོས་བསམ་ཤེས་དང་བརྩི་འཇོག་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག་རྒྱལ་ཁབ་ཁག་གཅིག་དང་ལྷག་པར་དུ་ཨ་རིས་ཀྲུང་གོའི་རིམས་ནད་ཐད་ཐལ་དྲགས་པའི་ལྟ་སྟངས་འཛིན་པ་དང་ཐལ་དྲགས་པའི་ཁ་གཏད་གཅོག་ཐབས་སྤྱད་པ་དེ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་གྲོས་འགོ་ལས་འགལ་བ་ཞིག་ཡིན་པ་ཁ་གསལ་རེད”ཅེས་བརྗོད།

ཧྭ་ཁྲུན་ཡིང་གིས“ཨ་རི་སྲིད་གཞུང་གིས་ད་བར་ཀྲུང་གོ་ཕྱོགས་ལ་དོན་དངོས་རང་བཞིན་གྱི་རོགས་རམ་གང་ཡང་བྱས་མེད་པ་མ་ཟད། ད་དུང་ཝུའུ་ཧན་ནས་དེའི་ཁེ་སྐྱོང་ལས་ཤག་གི་མི་སྣ་ཕྱིར་འཐེན་བྱེད་མཁན་ཐོག་མ་དང་། དེའི་གཞུང་ཚབ་ཁང་གི་མི་སྣ་ཁག་གཅིག་ཕྱིར་འཐེན་བྱ་རྒྱུའི་རེ་བ་འདོན་མཁན་ཐོག་མ། ཀྲུང་གོའི་སྤྱི་དམངས་རྒྱལ་མཚམས་ནང་འཛུལ་རྒྱུར་ཕྱོགས་ཡོངས་ནས་བཀག་སྡོམ་གྱི་བྱེད་ཐབས་ཁྱབ་བསྒྲགས་བྱེད་མཁན་ཐོག་མ་དེ་དང་། ཟམ་མི་ཆད་པར་དངངས་སྐྲག་བཟོ་བ་དང་སྤེལ་བ་སོགས་བྱས་ཏེ་འགོ་ངན་པ་ཞིག་བཙུགས་ཡོད”ཅེས་བརྗོད་པ་དང། ཨ་རིའི་སྨྱན་སྦྱོར་དང་རིགས་གཅིག་མཁས་ཅན་གྱིས་ཀྱང་ཨ་རི་སྲིད་གཞུང་གི་བྱེད་ཐབས་དེར་དོགས་པ་ཡོད་ལུགས་བརྗོད་དེ“ཨ་རི་སྲིད་གཞུང་གིས་ཀྲུང་གོར་སྤྱད་པའི་ཚོད་འཛིན་བྱེད་ཐབས་དེ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ངོ་རྒོལ་བྱེད་པ་ཞིག་རེད། ཨ་རིས་ཐལ་དྲགས་པའི་རང་ལ་ཡིད་ཆེས་བྱེད་པ་དེ་དངངས་འཚབ་དང་ཐལ་དྲགས་པའི་ཁ་གཏད་གཅོག་པར་འགྱུར་ཡོད། སྔོན་གྱི་ཉིན་14ཡི་ནང་ཀྲུང་གོར་ཡུལ་སྐོར་དུ་སྐྱོད་མཁན་ཕྱི་རྒྱལ་བ་ཚང་མ་གནས་སྐབས་རྒྱལ་མཚམས་ནང་འཛུལ་རྒྱུར་ཚོད་འཛིན་བྱེད་པའི་བྱེད་ཐབས་སྤྱད་པ་དེས་སྤྱི་དམངས་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་བའི་དོགས་པ་བྱེད་ཀྱི་ཡོད་པ་མ་ཟད། ནད་དུག་མཆེད་པའི་ཉེན་ཁ་དངོས་འབྲེལ་ཆུང་དུའང་གཏོང་མི་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད”ཅེས་བརྗོད།

ཧྭ་ཁྲུན་ཡིང་གིས་དོན་དངོས་ཐོག་ཨ་རིའི་ནད་ཡམས་ཚོད་འཛིན་དང་སྔོན་འགོག་ལྟེ་གནས་ཀྱིས་ཉེ་དུས་སྤེལ་བའི་སྙན་ཞུར་གཞིགས་ན། ཨ་རིའི་2019ནས་2020ལོའི་ཆམ་རིམས་མཆེད་པའི་དུས་ཚིགས་ནང་མི་ཁྲི་1900ལ་འགོས་ནས་ཉུང་མཐར་ཡང་མི་ཁྲི་1འདས་གྲོངས་སོང་ཡོད་པ་རེད། ཟླ་2ཚེས་2ཉིན་བར་ཀྲུང་གོར་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ཀྱི་གཏན་འཁེལ་བའི་ནད་དཔེ་17205ཡོད་པ་དང་། འདས་གྲོངས་སོང་བའི་ནད་དཔེ་361ཡོད་པ། དྲག་སྐྱེད་བྱུང་བའི་ནད་དཔེ་475ཡོད་པ་བཅས་རེད། ཨ་རིའི་རྒྱལ་ནང་དུ་གཏན་འཁེལ་བྱུང་བའི་ནད་དཔེ་11ཁོ་ན་ལས་མེད། “གྲངས་གཞིའི་བསྡུར་བ་དེ་དག་ལ་མི་རྣམས་བསམ་གཞིག་བྱེད་དགོས་པ་ཞིག་ཡོད”ཅེས་བརྗོད།

ཁ་ན་ཏའི་འཕྲོད་བསྟེན་པུའུ་ཀྲང་གིས་ཁ་ན་ཏས་ཨ་རི་དང་མཉམ་དུ་ཀྲུང་གོ་བ་དང་དེ་བཞིན་ཀྲུང་གོར་སྐྱོད་མྱོང་བའི་ཕྱི་རྒྱལ་བ་རྒྱལ་མཚམས་ནང་འཛུལ་རྒྱུར་ཚོད་འཛིན་བཟོ་མི་སྲིད། རྒྱལ་མཚམས་ནང་འཛུལ་མི་ཆོག་པའི་བྱེད་ཐབས་དེར་གཞི་འཛིན་ས་མེད་ལ་ལུགས་དང་ཡང་མི་མཐུན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་དེ་གོང་ཁ་གསལ་བཏོན་ཡོད། “དེ་དང་ཨ་རི་ཕྱོགས་ཀྱི་བྱེད་སྤྱོད་ལ་མངོན་གསལ་དོད་པའི་ཁྱད་པར་ཆགས་ཡོད”ཅེས་ཧྭ་ཁྲུན་ཡིང་གིས་བརྗོད།

ཁོང་གིས་གོ་ལ་ཧྲིལ་པོ་ཅན་གྱི་དུས་རབས་སུ་རྒྱལ་ཁབ་ཁག་གི་ལས་དབང་དམ་པོར་འབྲེལ་ཡོད། སྤྱི་པའི་འཕྲོད་བསྟེན་གྱི་ཉེན་ཁར་ཕྱོགས་སྐབས་རྒྱལ་ཁབ་ཁག་གིས་ལག་གདང་སྦྲེལ་ནས་ཁ་གཏད་གཅོག་པ་དང་རྐྱེན་ངན་མཉམ་སེལ་བྱེད་དགོས་པ་ལས་ཁྱིམ་མཚེས་དེ་ཆུ་ལོག་གཅུར་ས་བྱེད་པ་ཞིག་མ་ཡིན་ལ་གཞན་ཉེན་སྐབས་བསྟུན་དེ་བས་བྱེད་མི་རུང་ཞེས་བརྗོད།

ཧྭ་ཁྲུན་ཡིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཟླ་1ཚེས་3ཉིན་ནས་བཟུང་ཨ་རི་ཕྱོགས་ལ་རིམས་ནད་ཀྱི་ཆ་འཕྲིན་དང་སྔོན་འགོག་ཚོད་འཛིན་བྱེད་ཐབས་ཐེངས་30བརྡ་ཁྱབ་བཏང་ཡོད། རྒྱལ་ཁབ་གཉིས་པོའི་ནད་ཡམས་ལྟེ་གནས་ཀྱིས་རིམས་ནད་དང་འབྲེལ་བ་ཡོད་པའི་གནས་ཚུལ་ཐད་མཐུན་སྦྱོར་ཐེངས་མང་བྱས་ཡོད། ཟླ་1ཚེས་29ཉིན་ཀྲུང་གོའི་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གཞུང་ཕྱོགས་ཀྱི་ཐབས་ལམ་བརྒྱུད་ཨ་རི་ཕྱོགས་ལ་ལན་བརྒྱབ་པ་དང་ཨ་རི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་མཉམ་འབྲེལ་རིགས་གཅིག་མཁས་ཅན་ཚོགས་ཆུང་ནང་ཞུགས་རྒྱུར་དགའ་བསུ་ཞུས་ཡོད། ཉིན་དེར་ཨ་རི་ཕྱོགས་ཀྱིས་འཕྲལ་དུ་ལན་བརྒྱབ་པར་ཐུགས་རྗེ་ཆེ་ཞུས་པ་རེད། ཟླ་1ཚེས་31ཉིན་ཨ་རི་ཕྱོགས་ཀྱིས་གཞུང་ཕྱོགས་ཀྱི་ཐབས་ལམ་བརྒྱུད་ཀྲུང་གོའི་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ལ་ཨ་རི་ཕྱོགས་ཀྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་པུའུ་དང་འབྲེལ་བ་བྱས་པ་མ་ཟད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་མཉམ་འབྲེལ་རིགས་གཅིག་མཁས་ཅན་ཚོགས་ཆུང་ནང་ཞུགས་རེ་བྱེད་པའི་ཨ་རིའི་རིགས་གཅིག་མཁས་ཅན་གྱི་མིང་ཐོའང་བསྐྱལ་ཡོད་ཅེས་བཤད་པ་རེད།

ཧྭ་ཁྲུན་ཡིང་གིས“ང་ཚོས་འབྲེལ་ཡོད་རྒྱལ་ཁབ་ཀྱིས་དཔྱོད་ཤེས་དང་། བབ་བརླིང་། ཚན་རིག་དང་མཐུན་པ་བཅས་ཀྱི་སྒོ་ནས་བརྡར་ཤ་གཅོད་པ་དང་ཁ་གཏད་གཅོག་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་ཡོངས་བསྒྲགས་ཁ་གསལ་དང་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་འདོད་ཡོད། ང་ཚོར་ཡང་དམག་འཐབ་དེར་རྒྱལ་ཁ་གང་མགྱོགས་ཐོབ་རྒྱུའི་ཡིད་ཆེས་དང་ནུས་པ་ཡོད”ཅེས་བརྗོད། (བདེ་སྐྱིད་ཀྱིས་བསྒྱུར། བདེ་སྐྱིད་དང་བསྟན་བཟང་གིས་ཞུས)