《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月04日

ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བས།

ཀྲུང་གོས་ཡོངས་བསྒྲགས་དང་། ཁ་གསལ། འགན་ཁུར་བ་བཅས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཕྱོགས་ཁག་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞེས་བརྗོད་པ།

ཤིན་ཧྭ་གསར་འགྱུར་ཁང་ཨ་རིའི་གྲོང་ཁྱེར་ཧྲེན་ཏི་ཀ་ནས་ཟླ་2ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཚེས་1ཉིན། ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཚུའེ་ཐེན་ཁའེ་ཡིས་དེ་གར་འཚོགས་པའི“ཀྲུང་ཨའི་འབྲེལ་བའི་གླེང་སྟེགས”ཐོག་ཀྲུང་གོས་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ཐད་ཡོངས་བསྒྲགས་དང་། ཁ་གསལ། འགན་ཁུར་བ་བཅས་ཀྱི་བྱེད་ཐབས་ལ་བརྟེན་ནས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་རྒྱལ་ཁབ་གཞན་དག་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་དང་ཆ་འཕྲིན་མཉམ་སྤྱོད་བྱ་རྒྱུ་ཡིན་ཞེས་བརྗོད། ཁོང་གིས་དེ་དང་ཆབས་ཅིག་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལག་གདང་སྦྲེལ་ནས་སྤྱི་པའི་འཕྲོད་བསྟེན་ཐད་ཀྱི་འགྲན་སློང་ལ་ཁ་གཏད་འཇལ་དགོས་པའི་འབོད་སྐུལ་ཡང་བྱས་པ་རེད།

ཚུའེ་ཐེན་ཁའེ་ཡིས། མིག་སྔར་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དེ་ཀྲུང་གོར་མཚོན་ན་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ཞིག་ཡིན་པ་དང་མི་དམངས་མང་ཚོགས་ལ་བདེ་སྐྱིད་བསྐྲུན་རྒྱུ་ནི་དོན་ཆེན་གལ་ཆེན་ཞིག་ཡིན། ཀྲུང་གོ་སྲིད་གཞུང་གིས་ནུས་ཤུགས་ཡོད་རྒུས་ཞུམ་མེད་སྟོབས་ལྡན་གྱི་བྱེད་ཐབས་སྤྱད་དེ་རིམས་ནད་མཆེད་རྒྱུ་བཀག་འགོག་བྱས་ནས་ནད་པ་སྐྱོབ་བཅོས་བྱེད་བཞིན་ཡོད། ཀྲུང་དབྱང་གི་འགོ་ཁྲིད་ནས་གཞི་རིམ་བར་དང་། སྨན་དོན་མི་སྣ་ནས་མི་སེར་དཀྱུས་མའི་བར་ཀྲུང་གོའི་གོང་འོག་ཚང་མས་ཀུན་སེམས་གཅིག་སྒྲིལ་དང་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྒྲིལ་བཞིན་ཡོད། ཀྲུང་གོར་རིམས་ནད་ལས་རྣམ་པར་རྒྱལ་བའི་ཡིད་ཆེས་ཡོད་ལ་ནུས་པའང་ཡོད་ཅེས་བརྗོད།

ཁོང་གིས་ཀྲུང་གོས་རིམས་ནད་འགོག་རྒོལ་བྱེད་པ་དེ་རང་ཉིད་ཀྱི་ཆེད་དུ་ཡིན་པ་མ་ཟད། ད་དུང་གོ་ལ་ཧྲིལ་པོ་དང་ས་ཁུལ་གྱི་སྤྱི་པའི་འཕྲོད་བསྟེན་དང་བདེ་འཇགས་ཆེད་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཧྲིལ་པོའི་ཁེ་ཕན་གྱི་ཆེད་དུའང་ཡིན་ཞེས་བརྗོད།

ཚུའེ་ཐེན་ཁའེ་ཡིས། རིམས་ནད་དང་འཐབ་རྩོད་བྱེད་པའི་ཐོག་ནས་འཛམ་གླིང་རྒྱལ་ཁབ་ཁག་དབར་ལས་དབང་གཅིག་འབྲེལ་དང་བདེ་སྡུག་མཉམ་མྱོང་གིས་ངེས་པར་དུ་དཀའ་གནད་དང་འགྲན་སློང་ལ་ཁ་གཏད་འཇལ་དགོས་ལུགས་སླར་ཡང་ར་འཕྲོད་བྱུང་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཐུན་མོང་ཐོག་འབད་འཐབ་བྱས་ཚེ་ང་ཚོས་རིམས་ནད་ལས་རྣམ་པར་རྒྱལ་ངེས་དང་ཚེ་སྲོག་སྐྱོབ་ཐུབ་ངེས་ཡིན་པ་དོན་དངོས་ལས་ར་སྤྲོད་ཐུབ་ཡོད་ཅེས་བརྗོད།