《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月04日

གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་ཁག་ཕྱོགས་མང་རིང་ལུགས་ཀྱི་རྣམ་པར་བརྟེན་ནས་ཐག་གཅོད་བྱེད་རྒྱུ་ལས་མ་འདས།

—— རྒྱལ་ཁབ་ཁག་གི་གྲོས་ཚོགས་མནའ་འབྲེལ་གྱི་དྲུང་ཆེ་མཱ་ཏིང·ཆུང་ཀུང་ལ་བཅར་འདྲི་ཞུས་པ།

ཏཱ་ཝོ་སི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་2020ལོའི་ལོ་ཚོགས་ཀྱི་སྔ་ནུབ་ཏུ། རྒྱལ་ཁབ་ཁག་གི་གྲོས་ཚོགས་མནའ་འབྲེལ་གྱི་དྲུང་ཆེ་མཱ་ཏིང·ཆུང་ཀུང་གིས་སུའེ་ཙེར་གྱི་གྲོང་ཁྱེར་རེ་ནེ་ཝ་རུ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། མིག་སྔར་འཛམ་གླིང་ལ་འཕྲད་པའི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་ཁག་ཐག་གཅོད་བྱེད་པར“ཕྱོགས་མང་རིང་ལུགས་ཀྱི་ཡོ་བྱད་བེད་སྤྱོད་བྱེད་རྒྱུ་ལས་མ་འདས། དེ་ལྟར་བྱས་ན་གཞི་ནས་ཐག་གཅོད་བྱེད་ཐུབ”ཅེས་ནན་བཤད་བྱས་པ་རེད།

ཆུང་ཀུང་གིས། མིག་སྔར་འཛམ་གླིང་ལ་འཕྲད་པའི་ཞི་བདེ་སྲུང་སྐྱོང་དང་གནམ་གཤིས་ཀྱི་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་སོགས་ཀྱི་གནད་དོན་ཚང་མ་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་ཡིན་པས། དེ་དག་གིས་གོ་ལ་ཧྲིལ་པོའི་ཕྱོགས་གང་སར་ཤུགས་རྐྱེན་ཐེབས་སྲིད། དེར་བརྟེན། གནད་དོན་འདི་དག་ཐག་གཅོད་བྱེད་པའི་ཐབས་ལམ་འཚོལ་བའི་ནང་གོ་ལ་ཧྲིལ་པོ་ཞུགས་དགོས་ལ། ཁེ་ཕན་གྱི་འབྲེལ་བ་ཡོད་མཁན་ཚང་མའི་སྟོབས་ཤུགས་སྐུལ་སློང་བྱེད་དགོས་ཞེས་བརྗོད་པ་རེད།

ཆུང་ཀུང་གིས་བཅར་འདྲི་དང་ལེན་བྱེད་སྐབས། 2017ལོའི་ཟླ་1ཚེས་18ཉིན་རེ་ནེ་ཝའི་དབན་གོ་ཕོ་བྲང་དུ་འཚོགས་པའི“མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་གྲོས་མཉམ་གཏོད་བྱེད་པའི”རིམ་མཐོའི་ཚོགས་འདུའི་ཐོག་གི་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་བཞེད་དོན་གཙོ་བོའི་གཏམ་བཤད་ལ་བསྔགས་བརྗོད་ཆེན་པོ་བྱས་ཤིང་། ཁོང་གིས། སྐབས་དེ་དུས་ས་གནས་ས་ཐོག་ནས་ཞི་ཀྲུའུ་ཞིའི་གསུང་བཤད་ཉན་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཞི་ཀྲུའུ་ཞིས་གསུངས་པའི“མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ”ཀྱི་འདུ་ཤེས་ནི་ཕྱོགས་མང་རིང་ལུགས་དང་རྒྱལ་སྤྱིའི་མཉམ་ལས་ལ་ཚད་མཐོའི་ཁས་ལེན་གནང་བ་ཞིག་ཡིན་པས། མིག་སྔའི་འཛམ་གླིང་གི་གནད་དོན་ཐག་གཅོད་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད་ཅེས་བརྗོད་པ་རེད།

“ཀྲུང་གོ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བཞིན་ཡོད། ཡིན་ནའང་ཀྲུང་གོས་ཁེར་ཆགས་གླིང་ཕྲན་ལྟར་རང་ཉིད་གཅིག་པུ་འཕེལ་རྒྱས་འགྲོ་རེ་མི་བྱེད་པར་གོ་ལ་ཧྲིལ་པོའི་ཆ་ཤས་ཤིག་ཡིན་པའི་ཆ་ནས་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་རེ་བྱེད་ཀྱི་ཡོད། རྒྱུ་མཚན་འདིའི་རྐྱེན་གྱིས་ངས་ཀྲུང་གོའི‘རྒྱུད་གཅིག་ལམ་གཅིག’གི་གྲོས་འགོར་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད། གྲོས་འགོ་འདིས་འཛམ་གླིང་སྦྲེལ་མཐུད་ལ་སྐུལ་འདེད་ཐེབས་ཀྱི་ཡོད་པས་མཉམ་ལས་གཉིས་ཕན་ཡོང་རྒྱུར་ཡང་ཕན་པ་ཡོད”ཅེས་ཆུང་ཀུང་གིས་བརྗོད་པ་རེད།

མིག་སྔའི་འཛམ་གླིང་གི་ཕྱོགས་མང་རིང་ལུགས་ལ་འཕྲད་པའི་འགྲན་སློང་སྐོར་གླེང་སྐབས། ཆུང་ཀུང་གིས། མིག་སྔར་ཕྱོགས་མང་རིང་ལུགས་འཁོར་སྐྱོད་ཀྱི་ལས་ཕྱོད་ཐད་མིའི་བློ་དང་མི་མཐུན་པའི་གནས་འགའ་དངོས་འབྲེལ་ཐོན་ཡོད། ཕྱོགས་མང་རིང་ལུགས་ཀྱིས་ཀྱང་དུས་བསྟུན་འཕེལ་རྒྱས་གཏོང་དགོས་རུང་། ཕྱོགས་མང་རིང་ལུགས་སྔར་བཞིན་རྒྱལ་སྤྱིའི་མཉམ་ལས་ཀྱི་རྨང་རྡོ་ལྟ་བུ་ཡིན། གནས་ཚུལ་འདི་འདྲའི་འོག ཕྱོགས་ཁག་གིས་ཐུན་མོང་ཐོག་སྔར་ལས་འབད་འཐབ་བྱས་ནས་ཕྱོགས་མང་རིང་ལུགས་སྲུང་སྐྱོང་གིས། ཕྱོགས་མང་རིང་ལུགས་ལ་བསྟུན་མཁས་རང་བཞིན་སྔར་བས་ཆེན་པོ་ལྡན་པ་བྱས་ནས། རྒྱལ་ཁབ་ཁག་གི་མི་དམངས་ཀྱི་རེ་སྒུག་དང་སྔར་བས་འཚམ་ཞིང་འགྲན་སློང་སྣ་ཚོགས་ལ་དུས་ཐོག་ཏུ་ཁ་གཏད་གཅོག་ཐུབ་པ་བྱེད་དགོས།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རེ་ནེ་ཝ་ནས་གློག་འཕྲིན་འབྱོར་གསལ།

(དམ་ཆོས་མི་ཕམ་གྱིས་བསྒྱུར་ཅིང་པ་སངས་སྒྲོན་ལགས་ཀྱིས་ཞུས)