《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月04日

ཀྲུང་གོའི་ལམ་ཚད་རྡོ་རིང་རྣམ་པའི་འཕེལ་རྒྱས་ལས་གོ་ལ་ཧྲིལ་པོར་ཕན་པ་ཐོབ་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་དུས་ཀྲུང་གོའི་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་2019ལོའི་ཀྲུང་གོའི་དཔལ་འབྱོར་གྱི“གྲུབ་འབྲས་ཤོག་བྱང”ལས་བཀྲག་མདངས་མང་པོ་འཚེར་བ་དང་། དེའི་ནང་མི་རེའི་ཆ་སྙོམས་ཀྱི་རྒྱལ་ནང་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང(GDP)ཨ་སྒོར་ཁྲི་1གི་སྐས་རིམ་དུ་སླེབས་པར་མི་རྣམས་ཀྱིས་དོ་སྣང་བྱེད་ཀྱི་ཡོད། ཕྱི་རྒྱལ་གྱི་ལྟ་ཞིབ་མི་སྣས་དེ་ནི་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལམ་ཚད་རྡོ་རིང་ཞིག་ཡིན་པ་དང་དེ་ཐོག་ནས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་འགྲོ་བའི་སྒུལ་ཤུགས་ཆེན་པོ་དང་མི་མངོན་པའི་སྟོབས་ཤུགས་ཆེན་པོ་མངོན་གྱི་ཡོད་ཅེས་བརྗོད་པ་རེད།

མི་རེའི་ཆ་སྙོམས་ཀྱི་GDPནི་རྒྱལ་ཁབ་དང་ས་ཁུལ་གཅིག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་ལ་བསྡུར་ཞིབ་བྱེད་པའི་དམིགས་ཚད་གལ་ཆེན་ཞིག་རེད། 2001ལོར་ཀྲུང་གོའི་མི་རེའི་ཆ་སྙོམས་ཀྱི་GDPཨ་སྒོར་1000ཟིན་ཡོད། ལོ་20ཡང་མི་འགོར་བའི་དུས་ཚོད་ནང་ཀྲུང་གོའི་མི་རེའི་ཆ་སྙོམས་ཀྱི་GDPལྡབ་10འཕར་ཡོད། 《རི་པིན་དཔལ་འབྱོར་གསར་འགྱུར་ཁང་ཨེ་ཤེ་ཡའི་དཔྱད་གཏམ》དུས་དེབ་ཀྱི་དྲ་ཚུགས་ཐོག་རྩོམ་ཡིག་ཅིག་སྤེལ་ནས་མི་འབོར་དུང་ཕྱུར་14ཡི་འཚོ་བའི་ཆུ་ཚད་ལེགས་བཅོས་ཆེན་པོ་བྱུང་བ་དེ་ནི་ལོ་རྒྱུས་ཐོག་གི་དཔལ་འབྱོར་ལ་ཆེས་མགྱོགས་མྱུར་གྲུབ་འབྲས་ཐོབ་པའི་དཔེ་མཚོན་གྱི་གྲས་ཤིག་རེད་ཅེས་འཁོད་ཡོད།

འཛམ་གླིང་དངུལ་ཁང་གི་གྲངས་གཞི་ལས་མངོན་པ་ལྟར་ན། 2018ལོར་མི་རེའི་ཆ་སྙོམས་ཀྱི་GDPཨ་སྒོར་ཁྲི་1ཡན་གྱི་དཔལ་འབྱོར་དངོས་ཚན་གྱི་མི་འབོར་དུང་ཕྱུར་15ཙམ་ཟིན་ཡོད། ཀྲུང་གོའི་མི་རེའི་ཆ་སྙོམས་ཀྱི་GDPཨ་སྒོར་ཁྲི་1ལྷག་ཙམ་ཟིན་པས་གོ་ལ་ཧྲིལ་པོར་དེའི་གྲས་སུ་ཚུད་པའི་མི་འབོར་དུང་ཕྱུར་30ཙམ་ཟིན་པ་དེ་མི་རེའི་ཆ་སྙོམས་ཀྱི་GDPཨ་སྒོར་ཁྲི་1ལྷག་ཙམ་ཟིན་པའི་འཛམ་གླིང་གི་མི་འབོར་ལྡབ་གཅིག་འཕར་བ་དང་མཚུངས་ཀྱི་ཡོད། ཕྱི་རྒྱལ་གྱི་སྨྱན་སྦྱོར་གྱིས་དེ་ནི་ཀྲུང་གོ་འདི་ཉིད་འཕེལ་རྒྱས་འགྲོ་བཞིན་པའི་གསར་དར་དཔལ་འབྱོར་དངོས་ཚན་ཡིན་པའི་ངོས་ནས་འཛམ་གླིང་ལ་ལེགས་སྐྱེས་ཕུལ་བ་ཞིག་ཡིན་ཞེས་བརྗོད་ཀྱི་ཡོད།

འཛད་སྤྱོད་པའི་གཞི་ཁྱོན་གྱི་ངོས་ནས་བལྟས་ན། 2019ལོའི་ཀྲུང་གོའི་སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་པོའི་སིལ་ཚོང་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་40ལས་བརྒལ་ནས་ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོའི་འཛད་སྤྱོད་ཁྲོམ་ར་ཆེ་ཤོས་ཀྱི་གྲས་ཤིག་ཏུ་འགྱུར་བཞིན་ཡོད། འཛད་སྤྱོད་ཀྱི་གྲུབ་ཆའི་ངོས་ནས་བལྟས་ན། ཀྲུང་གོའི་ཡུལ་མིའི་ཞབས་ཞུའི་རང་བཞིན་གྱི་འཛད་སྤྱོད་གོང་མཐོར་སོང་ནས་འཛད་སྤྱོད་བྱེད་སྟངས་དེ་ཉིན་བཞིན་མཐོ་འབྲིང་གི་འཛད་སྤྱོད་དང་། ལེགས་བཅོས་རྣམ་པའི་འཛད་སྤྱོད། རང་སོའི་ཁྱད་ཆོས་ལྡན་པའི་འཛད་སྤྱོད་བཅས་ཀྱི་ཕྱོགས་སུ་འགྱུར་བཞིན་ཡོད།

ཕྱི་རྒྱལ་གྱི་དཔལ་འབྱོར་ལྟ་ཞིབ་མི་སྣས་མིག་སྔར་ཀྲུང་གོ་འདི་ཉིད་ཡོང་འབབ་མཐོ་བའི་རྒྱལ་ཁབ་ཀྱི་ཕྱོགས་སུ་བསྐྱོད་པའི་འགག་རྩའི་དུས་སུ་སླེབས་པས་སྒྱུར་བཅོས་སྒོ་དབྱེ་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་མཉེན་ཆ་ཆེ་རུ་གཏོང་བ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་བཅས་ཀྱི་སྒོ་ནས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཕན་པ་གོ་ལ་ཧྲིལ་པོར་མུ་མཐུད་ཐོན་པར་བྱེད་དགོས་ཞེས་བརྗོད་པ་རེད།

(བདེ་སྐྱིད་སྒྲོལ་དཀར་གྱིས་བསྒྱུར། བདེ་སྒྲོལ་དང་བསོད་དཔའ་ཡིས་ཞུས)