《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月21日

ཀྲུང་འབར་གཉིས་ཀྱིས་ཤེས་དཔལ་སྤེལ་རེས་ཀྱི་ལེའུ་གསར་པ་མཉམ་དུ་གཏོད་པ།

ལོ་ངོ་སྟོང་གི་གནའ་གྲོང་གིས་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེའི་དཔང་པོ་བྱེད།

ལོ་རྒྱུས་ཐོག་འབར་མ་ནི་མཚོ་ཐོག་དར་གོས་ལམ་བུ་དང་ལྷོ་ནུབ་ཕྱོགས་ཀྱི་སྐམ་སའི་དར་གོས་ལམ་བུ་གཉིས་ཀྱི་འདྲེས་མཚམས་སུ་གྱུར་ནས། ཀྲུང་གོ་དང་མཉམ་དུ་མཚར་སྡུག་འོད་སྟོང་འབར་བའི་ཨེ་ཤེ་ཡའི་ཤེས་དཔལ་བཏོད་ཡོད།

ཀྲུང་འབར་རྒྱལ་ཁབ་གཉིས་ཀྱི་མི་དམངས་དབར་གྱི་འབྲེལ་བའི་ལོ་རྒྱུས་ཡིན་རིང་ལྡན་ཡོད། ཐང་རྒྱལ་རབས་སྐབས་སུ། གནའ་བོའི་ཕེའོ་གོ་རྒྱལ་ཁབ(ད་ཆའི་འབར་མའི་རྒྱུད་དུ་ཆགས་ཡོད)ཀྱི་རོལ་དབྱངས་ཟློས་གར་ཚོགས་པ་སྐབས་དེའི་ཁྲང་ཨན་དུ་སླེབས་ནས་འཁྲབ་སྟོན་བྱས་ཚུལ་སྙན་ངག་པ་པའེ་ཅུས་དབྱི་ཡིས《ཕེའོ་གོའི་རོལ་མོ》ནང་བྲིས་ཡོད། དུས་རབས་11པ་ནས་13པ་བར་གྱི་འབར་མའི་ཕུའུ་ཀན་རྒྱལ་རབས་དང་ཀྲུང་གོའི་དབར་མཛའ་གྲོགས་འགྲོ་འོང་ཟབ་མོ་ཡོད་པ་མ་ཟད། སུང་བྱང་མ་དང་སུང་ལྷོ་མར་ཕོ་ཉ་ཡང་མངགས་མྱོང་ཡོད།

གནའ་གྲོང་ཕུའུ་ཀན་དུ་ཡོད་པའི་ནང་བསྟན་གྱི་རྗེས་ཤུལ་ཁག་གཅིག་ཏུ་ཀྲུང་འབར་རིག་གནས་སྤེལ་རེས་མཉམ་འདྲེས་ཀྱི་ཤུལ་ལྡན་ཡོད་ལ། ད་ཆ་ཡང་གནའ་གྲོང་ཕུའུ་ཀན་དུ་ཀྲུང་གོ་ནས་སླེབས་པའི་རིག་དངོས་ཉམས་གསོའི་རིགས་གཅིག་མཁས་ཅན་མང་པོ་ཡོད།

2019ལོའི་ཟླ་བདུན་པར། གནའ་གྲོང་ཕུའུ་ཀན་མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱིས་འཛམ་གླིང་ཤུལ་བཞག་གི་མིང་གཞུང་དུ་བཅུག་པ་དང་། “ཕུའུ་ཀན་འཛམ་གླིང་ཤུལ་བཞག་ལ་ཚུད་པའི་གནས་ཚུལ་ཐོས་རྗེས། ངའི་འགན་འཁྲི་སྔར་བས་ལྕི་རུ་ཕྱིན་སོང”ཞེས་ཧྲའན་ཤིས་ཞིང་ཆེན་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་གི་ཡོན་ཀྲང་ཀྲའོ་ཆང་གིས་གསར་འགོད་པར་བརྗོད་བྱུང་།

ཕུའུ་ཀན་འཛམ་གླིང་ཤུལ་བཞག་ལ་བདེ་བླག་ངང་ཚུད་པར་ཀྲུང་གོའི་རིག་དངོས་ལས་དོན་པས་ཀྱང་ནུས་པ་ཆེན་པོ་བཏོན་ཡོད། 2016ལོའི་ཟླ་བརྒྱད་པར། ཕུའུ་ཀན་དུ་ས་ཡོམ་རིམ་པ་6.8བརྒྱབ་ནས་མཆོད་རྟེན་སོགས་ཁང་པ་400ལྷག་ཙམ་ལ་གཏོར་སྐྱོན་ཕོག་ཡོད་པ་རེད། རྒྱལ་ཁབ་མང་པོས་རིགས་གཅིག་མཁས་ཅན་མངགས་ནས་རིག་དངོས་ལ་གཏོར་སྐྱོན་ཕོག་ཚད་ཐད་རྩད་ཞིབ་དང་དཔྱད་དཔོག་བྱས་ཡོད་པའི་ནང་རིགས་གཅིག་མཁས་ཅན་སྔ་ཤོས་མངགས་མཁན་ཀྲུང་གོ་ཡིན་ལ་མང་ཤོས་མངགས་མཁན་ཡང་ཀྲུང་གོ་རེད། “སྐབས་དེར(ཀྲུང་གོའི་རིགས་གཅིག་མཁས་ཅན་གྱིས)མཆོད་རྟེན་21ལ་རྩད་ཞིབ་བྱས་ནས། གཏོར་སྐྱོན་ཕོག་ཚད་ཀྱི་དཔྱད་དཔོག་སྙན་ཞུ་ལེགས་སྒྲུབ་བྱས་རྗེས་འབར་མ་ཕྱོགས་ལ་སྤྲད་པ་ཡིན”ཞེས་ཀྲའོ་ཆང་གིས་བརྗོད།

མཐོ་ཚད་ལ་སྨི་60ལྷག་ཙམ་ཟིན་པའི་མཆོད་རྟེན་ཐཱ་པིང་ཡུས་ནི་ཕུའུ་ཀན་གྱི་མཆོད་རྟེན་མཐོ་ཤོས་དེ་རེད། ཡིན་ན་ཡང་ས་ཡོམ་ཁྲོད་མཆོད་རྟེན་དེར་གཏོར་སྐྱོན་ཚབས་ཆེན་ཕོག་ཡོད། འབར་མའི་ཆོས་ལུགས་ལས་དོན་དང་རིག་གནས་པུའི་པུའུ་ཀྲང་ཨང་ཀོ་ཡིས། ས་ཡོམ་བརྒྱབ་རྗེས། རྒྱལ་ཁབ་ཁག་གི་རིགས་གཅིག་མཁས་ཅན་གྱིས་ཕུའུ་ཀན་གྱི་ས་གནས་ས་ཐོག་ཏུ་ཚོགས་འདུ་འཚོགས་ནས་སུ་ཞིག་གིས་མཆོད་རྟེན་ཐཱ་པིང་ཡུས་ཉམས་གསོ་བྱེད་པའི་ཐད་བགྲོ་གླེང་བྱས་མོད། ཉམས་གསོའི་དཀའ་ཚད་ཧ་ཅང་ཆེ་བའི་རྐྱེན་གྱིས་རྒྱལ་ཁབ་གཞན་དག་གི་རིགས་གཅིག་མཁས་ཅན་ཚོས་དང་ལེན་བྱེད་མ་ཐུབ་པར་མཐར་ཀྲུང་གོའི་རིགས་གཅིག་མཁས་ཅན་གྱིས་ཉམས་གསོའི་ལས་འགན་ཆེན་པོ་དེའི་འགན་ཁུར་བ་རེད་ཅེས་གསར་འགོད་པར་བརྗོད་བྱུང་།

ཤེས་དཔལ་སྤེལ་རེས་བྱས་ནས་དམངས་སེམས་གཅིག་སྒྲིལ་ལ་སྐུལ་འདེད་བཏང་བ།

མཆོད་རྟེན་ཐཱ་པིང་ཡུས་དངོས་སུ་ཉམས་གསོའི་ལས་དོན་དེ་འདི་ལོ་ནས་འགོ་ཚུགས་རྒྱུ་ཡིན་ཞིང་། འདི་ནི་མིག་སྔའི་བར་ཀྲུང་གོས་ཕྱི་རྒྱལ་དུ་སྤེལ་བའི་གཞི་ཁྱོན་ཆེ་ཤོས་ཀྱི་རིག་དངོས་སྲུང་སྐྱོབ་ཀྱི་རོགས་སྐྱོབ་རྣམ་གྲངས་ཡིན་ལ། སྔོན་དཔག་བྱས་ན་དུས་ཡུན་ལོ་9འགོར་གྱི་ཡོད་པ་རེད།

ཀྲའོ་ཆང་གིས། མཆོད་རྟེན་ཐཱ་པིང་ཡུས་ཉམས་གསོ་བྱེད་པར། དེ་སྔའི་ཁྱད་ཆོས་མི་ཉམས་པ་བྱེད་པ་སོགས་ཀྱི་རྒྱལ་སྤྱིའི་རིག་དངོས་སྲུང་སྐྱོབ་ཀྱི་རྩ་དོན་དང་། འབར་མའི་རིག་དངོས་སྲུང་སྐྱོབ་ཀྱི་ཁྲིམས་སྲོལ་ལ་ནན་པོར་གཞིགས་ནས་ཉམས་གསོ་བྱ་རྒྱུ་དང་། ལེགས་གྲུབ་བྱུང་རྗེས་འབར་མའི་དམངས་ཚོགས་ཀྱི་ཁས་ལེན་ཐོབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད།

མཆོད་རྟེན་ཐཱ་པིང་ཡུས་ཉམས་གསོ་བྱེད་པའི་བརྒྱུད་རིམ་ཁྲོད། ཀྲུང་གོའི་རིག་དངོས་རིགས་གཅིག་མཁས་ཅན་དང་འབར་མའི་རིག་དངོས་སྡེ་ཚན་དང་དེ་བཞིན་ས་གནས་དེ་གའི་དམངས་ཚོགས་དབར་འབྲེལ་བ་དམ་ཟབ་བྱས་ཡོད་པ་རེད། དུས་འགོའི་ཉེན་ཁ་མྱུར་སེལ་དང་སྲ་བརྟན་དུ་གཏོང་བའི་ལས་དོན་ལེགས་སྒྲུབ་བྱས་རྗེས། འབར་མ་ཕྱོགས་ཀྱི་རིགས་གཅིག་མཁས་ཅན་དང་ས་གནས་དེ་གའི་དམངས་ཚོགས་ཀྱང་རྣམ་གྲངས་རྩིས་ལེན་དཔྱད་དཔོག་གི་ལས་དོན་ལ་ཞུགས་ནས། ཀྲུང་གོ་ཕྱོགས་ཀྱི་ནུས་ཆེའི་ལས་དོན་ལ་བསྔགས་བརྗོད་བྱས་པ་རེད།

ཀྲའོ་ཆང་གིས། འབར་མའི་དམངས་ཚོགས་མང་ཆེ་བ་ནང་བསྟན་ལ་དད་པ་བྱེད་མཁན་ཡིན་པས། ཕུའུ་ཀན་གྱི་མཆོད་རྟེན་དག་འབར་མའི་དམངས་ཚོགས་དང་ཐ་ན་ཨེ་ཤེ་ཡ་ཤར་ལྷོའི་ནང་པ་སངས་རྒྱས་པ་ཀུན་གྱི་སེམས་ནང་བླ་ན་མེད་པ་ཞིག་ཡིན། དེར་བརྟེན་མཆོད་རྟེན་ཐཱ་པིང་ཡུས་ཉམས་གསོ་བྱེད་པ་ནི་ཤེས་དཔལ་ཐད་ཀྱི་གླེང་མོལ་དང་དམངས་སེམས་གཅིག་ཏུ་སྒྲིལ་བར་སྐུལ་འདེད་གཏོང་བའི་གོ་སྐབས་ཡག་པོ་ཞིག་ཏུ་གྱུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཉམས་གསོ་བྱེད་པའི་བརྒྱུད་རིམ་ཁྲོད་དུ། འབར་མ་ཕྱོགས་ལ་ཤེས་ལྡན་པ་གསོ་སྐྱོང་བྱེད་རོགས་བྱས་པ་མ་ཟད། ད་དུང་འབར་མའི་གཞོན་ནུ་མཁས་དབང་ཁག་གཅིག་ཀྲུང་གོར་གསོ་སྦྱོང་བྱེད་པར་ཡོང་རྒྱུའི་གདན་ཞུ་བྱས་ཡོད་ཅེས་བརྗོད།

མི་ཆོས་རིག་གནས་ཐད་ཀྱི་མཉམ་ལས་ལ་བརྟེན་ནས“པའོ་པོ”ཡི་མཛའ་བརྩེ་ཟབ་ཏུ་བཏང་བ།

“མཆོད་རྟེན་ཐཱ་པིང་ཡུས་ནི་ཡུལ་སྐོར་བ་མང་ཤོས་འགྲོ་བའི་གནས་ཤིག་ཡིན་པས། ང་ཚོས་མཆོད་རྟེན་ཉམས་གསོ་བྱ་རྒྱུ་མ་ཟད། ད་དུང་མཐའ་འཁོར་གྱི་ཁོར་ཡུག་བཅོས་སྒྲིག་དང་། གནའ་ཤུལ་འགྲེམས་སྟོན། ཡུལ་སྐོར་གསར་སྤེལ་བཅས་ཀྱི་ཐད་སྤྱི་ཡོངས་ནས་འཆར་འགོད་བྱས་ཏེ། ཕུའུ་ཀན་དང་འབར་མ་ཡོངས་ཀྱི་ཡུལ་སྐོར་ལས་རིགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་གི་ཡིན”ཞེས་ཀྲའོ་ཆང་གིས་བརྗོད།

འབར་མའི་ཡུལ་སྐོར་སྡེ་ཚན་གྱི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར་གཞིགས་ན། 2019ལོའི་ཟླ་དང་པོ་ནས་བཅུ་པ་བར། ཀྲུང་གོའི་ནང་ས་ནས་འབར་མར་ཡུལ་སྐོར་དུ་འགྲོ་མཁན་མི་ཐེངས་ཁྲི་59.4ཟིན་པ་དེ་དུས་མཚུངས་ལས་161%འཕར་ནས། ཀྲུང་གོ་འབར་མར་ཡུལ་སྐོར་དུ་འགྲོ་མཁན་མང་ཤོས་ཀྱི་རྒྱལ་ཁབ་ཏུ་གྱུར་ཡོད་པ་དང་། ད་ཆ་རྒྱལ་ཁབ་གཉིས་དབར་གཟའ་འཁོར་རེར་ཐད་གཏོང་གནམ་གྲུ་ཐེངས་150ལྷག་ཙམ་ཡོད་པ་དེ་ལོ་3གོང་དང་བསྡུར་ན་ལྡབ་7ལྷག་ཙམ་འཕར་ཡོད། 2020ལོར། ཀྲུང་འབར་གཉིས་ཀྱིས་རིག་གནས་ཡུལ་སྐོར་ལོའི་བྱེད་སྒོ་སྤེལ་ནས། རྒྱལ་ཁབ་གཉིས་དབར་གྱི་མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་རེ་བྱེད་ཀྱི་ཡོད་པ་རེད།

(དམ་ཆོས་མི་ཕམ་གྱིས་བསྒྱུར། པ་སངས་སྒྲོན་ལགས་ཀྱིས་ཞུས)