《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月17日

ཨར་པེ་སི་རི་བོར་འཛེག་མཁན་བོད་རིགས་ལུག་རྫི་བུ་མོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ནང་ཞུགས་རྒྱུའི་མདུན་ལམ་ཡངས།

2020ལོའི་དགུན་དུས་གཞོན་ནུའི་ཨོ་རྩལ་འགྲན་ཚོགས་ཐོག་གངས་ཤུད་དང་རི་འཛེག་ལུས་རྩལ་པ་བསོད་ནམས་ཆོས་སྒྲོན་རྒྱལ་སྤྱིའི་ཕྱོགས་བསྡུས་རང་བཞིན་གྱི་འགྲན་བསྡུར་ཆེ་མོའི་ནང་ཞུགས་ནས་ཡོ་རོབ་དང་མེ་གླེང་བྱང་མས་གཙོ་བོར་བཟུང་བའི་རྣམ་གྲངས་དེར་ཁོ་མོས་བྱས་རྗེས་འཇོག་ཐེངས་གཅིག་ལ་མི་རྣམས་ཧང་སངས་དགོས་པ་བཟོས་ཏེ་མི་སྒེར་གྱི་བྱེས་བགྲོད་འགྲན་བསྡུར་དང་ཐུང་རྒྱུག་འགྲན་བསྡུར་གྱི་རྣམ་གྲངས་གཉིས་པའི་ཨང་བཞི་པ་བླངས་པ་རེད། “ང་གངས་ཤུད་གློད་རྒྱུ་དང་རི་འཛེག་རྒྱུར་དགའ་པོ་ཡོད། ངའི་བསམ་པར་རྣམ་གྲངས་དེ་དམིགས་བསལ་ཞིག་རེད་སྙམ་གྱི་འདུག གང་ཡིན་ཞེ་ན་རི་མང་པོ་འཛེག་དགོས་ཀྱི་ཡོད”བུ་མོ་ཆུང་ཆུང་དེས་འཚེར་སྣང་བྱེད་བཞིན་བཤད་པའི་བབ་ཆགས་ཀྱི་སྐད་ཆ་ལས་ཁོ་མོས་ཨོ་རྩལ་གྱི་ལམ་བུར་བཅངས་པའི་རེ་འདུན་མཚོན་གྱི་ཡོད།

ལུག་རྫི་ནས་རྒྱལ་ཁབ་ཀྱི་རུ་མིར་གྱུར་ནས་ཁོ་མོའི་མི་ཚེའི་ལམ་བུར་འགྱུར་ལྡོག་ཕྱིན་པ།

ས་མཐོའི་འབྲོག་ཁྱིམ་གྱི་ཕྲུ་གུ་ཡིན་སྟབས་ལུག་འཚོ་རྒྱུ་ནི་བྱིས་པའི་འཚོ་བའི་ཁྲོད་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་ཡིན། ལོ་བཅུ་གྲངས་གོང་། བུ་མོ་དེ་ཉིན་ལྟར་མཚོ་བོད་ས་མཐོའི་ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་གི་འབྲོག་ཁུལ་དུ་ལུག་འཚོས་ནས་སྡོད་དགོས་ཀྱི་ཡོད།

བསོད་ནམས་ཆོས་སྒྲོན་གྱི་ལུས་རྩལ་ལྷན་སྐྱེས་དེ་ཡང་ཁོ་མོ་ལོ་རིམ་བཞི་པའི་སྐབས་སུ་ལུས་རྩལ་སློབ་གྲྭའི་དགེ་རྒན་གྱིས་སྟེས་དབང་གིས་ཤེས་རྟོགས་ལུས་རྩལ་སློབ་གྲྭར་བདམས་པ་དང་དེ་ནས་རྒྱང་རྒྱུག་སྦྱོང་བརྡར་བྱེད་འགོ་ཚུགས། ཁྱིམ་དུ་ལོག་པའི་དུས་ཚོད་ཇེ་ཉུང་དུ་ཕྱིན་པར་བརྟེན་ཕ་་མ་གཉིས་ཀྱིས་ང་ལ“དེར་བརྩོན་པ་བྱས་ཚེ། ལས་དབང་ལ་འགྱུར་ལྡོག་ཕྱིན་ནས་ལུག་འཚོ་དགོས་མེད”ཅེས་གསུངས་བྱུང་།

བོད་ལྗོངས་གངས་ཤུད་རི་འཛེག་རུ་ཁག་གི་རྩལ་ཁྲིད་པ་ངག་དབང་བཀྲ་ཤིས་ཀྱིས“དགོང་མོ་མོ་རང་གཅིག་པོ་བར་ཁྱམས་ནང་གངས་ཤུད་ལྷམ་གྱོན་པ་དང་དེ་ནས་གངས་ཤུད་པང་ལེབ་འཁྱེར་ཏེ་ཁ་ཁུ་སིམ་པོས་སྦྱངས་ནས་སྡོད་ཀྱི་ཡོད”ཅེས་བཤད།

ཡུན་རིང་མ་སོང་བར། ཀྲུང་གོ་རི་འཛེག་མཐུན་ཚོགས་ཀྱིས་བོད་ལྗོངས་རུ་ཁག་དང་ཧྲན་ཏུང་ལུས་རྩལ་སློབ་གླིང་ཞོར་གཏོགས་སློབ་འབྲིང་ནས་རུ་མི་འདེམས་སྒྲུག་བརྒྱབ་སྟེ་2020ལོའི་ལུའོ་སང་དགུན་དུས་གཞོན་ནུའི་ཨོ་རྩལ་འགྲན་ཚོགས་ཀྱི་གངས་ཤུད་དང་རི་འཛེག་རྣམ་གྲངས་ཀྱི་གཞོན་ནུའི་རུ་ཁག་བཙུགས་པ་དང་ཁོ་མོ་ཡང་རྒྱལ་ཁབ་རིམ་པའི་རུ་ཁག་ནང་ཚུད་པ་རེད།

“སྦྱོང་བརྡར་བྱེད་སྐབས། ངས་རྒྱུན་དུ་རྩལ་ཁྲིད་པའི་སྐད་ཆ་སེམས་ནང་ངེས་ཏེ་ནོར་འཁྲུལ་བྱུང་ཚེ་ཡང་ནས་བསྐྱར་དུ་སྦྱོང་གི་ཡོད། གལ་ཏེ་དེ་རིང་ཡག་པོ་མ་བྱུང་ན་སང་ཉིན་བསྐྱར་དུ་སྦྱོང་གི་ཡོད”ཅེས་ཁོ་མོས་རང་ཉིད་ཀྱི་སྦྱོང་བརྡར་སྐོར་བརྗོད།

དཀའ་བ་དུ་མ་སྤྱད་དེ་ཨང་བཞི་པ་བླངས།

དགུན་དུས་གཞོན་ནུའི་ཨོ་རྩལ་འགྲན་ཚོགས་ཀྱི་གངས་ཤུད་དང་རི་འཛེག་གི་འགྲན་རའི་ཐོག་བསོད་ནམས་ཆོས་སྒྲོན་གྱི་ཁ་གཏད་ནི་ལོ་ན་གཅིག་མཚུངས་ཀྱི་འཛམ་གླིང་གི་རྩེར་སོན་བདམས་ཐོན་པ་ཤ་སྟག་ཡིན་པ་དང་ད་དུང་མང་ཆེ་བ་གངས་ཤུད་དང་རི་འཛེག་གི་ལོ་རྒྱུས་རིང་པོ་ལྡན་པའི་ཡོ་རོབ་རྒྱལ་ཁབ་ཀྱི་བདམས་ཐོན་པ་རེད།

ཚེས་13ཉིན་གྱི་ཐུང་རྒྱུག་འགྲན་བསྡུར་ནང་བསོད་ནམས་ཆོས་སྒྲོན་གྱིས་བསྐྱར་དུ་ཨང་བཞི་པ་བླངས། མཇུག་སྣེར་སླེབས་སྐབས་ཁོ་མོ་བློ་ཕམ་ཆེན་པོ་བྱུང་ནས་མགོ་བོ་སྒུར་བཞིན་མཆི་མ་བཏང་།

བུ་མོ་ཆུང་ཆུང་དེའི་ངོ་གདོང་ནས་དཔའ་མི་ཞུམ་པའི་རྣམ་འགྱུར་མངོན་ཡང་དོན་དངོས་ཐོག་ཁོ་མོ་རང་དབང་མེད་པར་མཆི་མ་ཤོར་ཡོད། “ང་དངོས་ནས་མིག་ཆུ་ཤོར་བྱུང་། རྩལ་ཁྲིད་པ་ངའི་ཕྱོགས་སུ་ཡོང་བ་མཐོང་སྐབས་ང་ལམ་སེང་མིག་ཆུ་ཤོར་བྱུང”

ཚེས་10ཉིན་སྒེར་གྱི་བྱེས་བགྲོད་འགྲན་བསྡུར་མཇུག་འགྲིལ་རྗེས། བསོད་ནམས་ཆོས་སྒྲོན་གྱིས“དམིགས་ཡུལ་ཆུང་ངུ”ནི་ཐུང་རྒྱུག་འགྲན་བསྡུར་གྱི་ཨང་གསུམ་པའི་ནང་ཚུད་པ་བྱ་རྒྱུ་དེ་ཡིན་ཞིང་། དམིགས་ཡུལ་དེ་ཤོད་སྐབས་སྐད་ཤུགས་ཆུང་ཡང་ཐེ་ཚོམ་དང་སྐྲག་སྣང་གཏན་ནས་བྱེད་ཀྱི་མེད།

ལོ་གསུམ་གྱི་དུས་ཚོད་ནང་གངས་ཤུད་པང་ལེབ་ལ་ལག་པ་གཏན་ནས་འཆང་མ་མྱོང་བ་ནས་ད་ཆའི་དགུན་དུས་གཞོན་ནུའི་ཨོ་རྩལ་འགྲན་ཚོགས་ཀྱི་ཨང་བཞི་པ་བླངས་པའི་བར། བསམ་བློ་གང་ནས་བཏང་ཡང་། དེ་ནི་བྱས་རྗེས་ངོ་མཚར་ཅན་ཞིག་རེད། འགྲན་རར་འགྲན་བསྡུར་ལ་ལྟ་བཞིན་པའི་ཀྲུང་གོའི་རི་འཛེག་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཡུང་ཧྥེང་གིས། ལོ་གཉིས་གོང་སྦྱངས་འབྲས་དེ་འདྲ་ཡོང་གི་ཡོད་པ་བསམ་པའི་ཡུལ་ལའང་འཁོར་མྱོང་མེད། སྐབས་དེ་དུས་ཀྱི་ལུས་རྩལ་པས་འགྲན་བསྡུར་མཐའ་འཁྱོལ་རྒྱུ་ཡང་དཀའ་མོ་རེད་ཅེས་བརྗོད།

ཨོ་རྩལ་གྱི་ཕུགས་འདུན། སློབ་ཆེན་གྱི་ཕུགས་འདུན།

རྩལ་ཁྲིད་པ་ཅིན་ཡུས་པོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། གངས་ཤུད་རི་འཛེག་ལུས་རྩལ་པའི་སྦྱངས་འབྲས་ཡག་ཤོས་ཀྱི་ལོ་ཚད་ནི་ལོ་21ནས་ལོ་25བར་རེད།

མིག་སྔར་གངས་ཤུད་རི་འཛེག་ལུས་རྩལ་དེ་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་མིན་ནའང་། ཨོ་རྩལ་འགྲན་ཚོགས་རྣམ་གྲངས་ཀྱི“ཚོད་ལྟ་ཁང”ཞེས་འབོད་པའི་དགུན་དུས་གཞོན་ནུའི་ཨོ་རྩལ་འགྲན་ཚོགས་ནང་ཐོག་མར་བཅུག་ནས་འགྲན་བསྡུར་བྱས་རྗེས། རྣམ་གྲངས་འདི་དུས་གང་ཞིག་ཏུ་དགུན་དུས་ཨོ་རྩལ་འགྲན་ཚོགས་ནང་འཇུག་མིན་སྐོར་ལ་མི་མང་པོ་ཞིག་གིས་དོ་ཁུར་བྱེད་བཞིན་ཡོད།

“རྣམ་གྲངས་འདིར་རྩལ་འགྲན་རང་བཞིན་དང་ལྟད་མོའི་རང་བཞིན་ཆེན་པོ་ཡོད། ཡོ་རོབ་ཙམ་མ་ཟད། ཐ་ན་རང་རྒྱལ་གྱི་གངས་འབབ་མང་བའི་ས་ཁུལ་ཁག་གཅིག་ཏུ་གངས་ཤུད་རི་འཛེག་ཀྱང་ཧ་ཅང་སྤྱོད་གོ་ཆོད་པའི་རྩལ་ནུས་ཤིག་རེད”ཅིན་ཡུས་པོ་ཡིས་གངས་ཤུད་རི་འཛེག་རྣམ་གྲངས་དགུན་དུས་ཨོ་རྩལ་འགྲན་ཚོགས་ནང་ཚུད་རྒྱུར་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད།

“འགྲན་བསྡུར་ཆེན་པོར་ཞུགས་ཐེངས་དང་པོ་ཡིན་སྟབས་ད་དུང་ཉམས་མྱོང་མི་འདང་བས་མུ་མཐུད་འགྲན་བསྡུར་ནང་མང་ཙམ་ཞུགས་ནས་སྦྱོང་བརྡར་བྱེད་དགོས”རྩལ་ཁྲིད་པ་ཨན་ཏེ་ལུའུ་ཡིས་བསོད་ནམས་ཆོས་སྒྲོན་ཚུད་པའི་ན་གཞོན་རུ་མི་ཚོར་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད། “ད་ཆ་མདུན་གྲལ་དུ་སླེབས་པའི་ལུས་རྩལ་པ་མང་ཆེ་བ་ཡོ་རོབ་ནས་ཡིན་ནའང་ཕྱིས་སུ་ང་ཚོས་ཁོང་ཚོ་ལས་རྣམ་པར་རྒྱལ་ཐུབ་ངེས་རེད”

བསོད་ནམས་ཆོས་སྒྲོན་གྱིས་ངས་བསམ་བློ་གང་བྱུང་མ་བཏང་བར་ནུས་ཤུགས་གང་ཡོད་བཏོན་ནས་སྦྱོང་བརྡར་བྱེད་རྒྱུ་ཡིན། གངས་ཤུད་རི་འཛེག་ཕུད། ངར་ད་དུང་སློབ་ཆེན་འགྲིམ་པའི་ཕུགས་འདུན་ཡོད་ཅེས་བརྗོད་པ་རེད།

(བདེ་དབང་དང་རྡོར་རྗེས་སྒྱུར་ཞུས་བྱས)