《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月17日

ཝུན་ཙའེ་དབྱིན་གྱིས་ཧན་གོའི་འཕེལ་རྒྱས་འཐབ་ཇུས་ཀྱི་འཆར་འགོད་དང“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་སྦྲེལ་མཐུད་མགྱོགས་སུ་གཏོང་གི་ཡིན་ཞེས་བརྗོད་པ།

ཤིན་ཧྭ་གསར་འགྱུར་ཁང་ཧྲོའར་ནས་ཟླ་1ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཚེས་14ཉིན། ཧན་གོའི་རྒྱལ་ས་ཧྲོའར་དུ་ཧན་གོའི་ཙུང་ཐུང་ཝུན་ཙའེ་དབྱིན་གྱིས་ཧན་གོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་རིག་གནས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་མི་སྣ་འགྲོ་འོང་བྱེད་རྒྱ་ཆེ་རུ་གཏོང་གི་ཡིན། དེ་དང་ཆབས་ཅིག ཧན་གོས་ཀྱང་རང་ངོས་ཀྱི“ལྷོ་ཕྱོགས་གསར་པ་དང་བྱང་ཕྱོགས་གསར་པའི་སྲིད་ཇུས”དང“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་སྦྲེལ་མཐུད་དང་སྐུལ་འདེད་གཏོང་བའི་གོམ་སྟབས་མུ་མཐུད་མགྱོགས་སུ་གཏོང་གི་ཡིན་ཞེས་བརྗོད་པ་རེད།

དེ་ཉིན་ཝུན་ཙའེ་དབྱིན་གྱིས་ཙུང་ཐུང་ལས་ཤག་ཆིང་ཝ་ཐའེ་རུ་ལོ་གསར་གྱི་གསར་འགོད་པའི་ཚོགས་འདུ་འཚོགས་ཤིང་། ད་དུང་ཚོགས་འདུའི་ཐོག་ཁོང་གིས་ཁྲའོ་ཞན་ཕྱེད་གླིང་གི་གནད་དོན་ཐག་གཅོད་བྱེད་རིང་། ཀྲུང་གོས་ནུས་པ་བཏོན་པར་གདེང་འཇོག་གང་ལེགས་བྱས་པ་དང་། ཁོང་གིས“ཁྲའོ་ཞན་གྱི་ཉིང་རྡུལ་མཚོན་ཆའི་གནད་དོན་ཐག་གཅོད་བྱེད་པའི་བརྒྱུད་རིམ་ནང་ཀྲུང་གོས་ནུས་པ་གལ་ཆེན་བཏོན་ཡོད། དོན་དུ་མིག་སྔའི་བར། འབྲེལ་ཡོད་གནད་དོན་ཐག་གཅོད་ལ་ཀྲུང་གོས་རོགས་རམ་ཧ་ཅང་མང་པོ་བྱས་ཡོད། དེའི་ཐད་ང་ཚོས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཆབས་ཅིག་ཀྲུང་གོ་ཕྱོགས་དང་མཉམ་དུ་གནད་དོན་དེའི་ཐད་ཀྱི་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་རྒྱག་པའི་རེ་སྒུག་བྱེད་ཀྱི་ཡོད”ཅེས་བརྗོད་པ་རེད།

ཉེ་ཆར་གྱི་ཁྲའོ་ཞན་དང་ཨ་རི་རྒྱལ་ཁབ་གཉིས་པོའི་གླེང་མོལ་འཕེལ་མེད་དུ་ལུས་པ་དང་ཧན་གོ་དང་ཁྲའོ་ཞན་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་མེད་དུ་གནས་པ་སོགས་ཀྱི་གནད་དོན་སྐོར་གླེང་སྐབས། ཝུན་ཙའེ་དབྱིན་གྱིས་ཧན་གོ་དང་ཁྲའོ་ཞན་རྒྱལ་ཁབ་གཉིས་པོ་དང་ཁྲའོ་ཞན་དང་ཨ་རི་རྒྱལ་ཁབ་གཉིས་པོའི་འབྲེལ་བ“འཕེལ་མེད་དུ་གནས་ཀྱང་། ཧ་ཅང་ཡིད་སྐྱོ་དགོས་པའི་ཚད་གཞིར་སླེབས་མེད”ཁྲའོ་ཞན་གྱིས་ཁྲའོ་ཞན་དང་ཨ་རི་རྒྱལ་ཁབ་གཉིས་པོའི་གྲོས་མོལ་གསར་པ་འཇོག་ཆེད་ཚད་གཞི་བཏོན་མོད། འོན་ཀྱང་དེ་ལས“ཁྲའོ་ཞན་གྱིས་གྲོས་མོལ་གྱི་རྒྱལ་སྒོ་ཆེན་པོ་བརྒྱབ་མེད་པ”མངོན་ཡོད་ཅེས་བརྗོད་པ་རེད། དེ་དང་ཆབས་ཅིག ཁོང་གིས་ཧན་གོ་དང་ཁྲའོ་ཞན་རྒྱལ་ཁབ་གཉིས་པོའི་འབྲེལ་བར་དཀའ་ངལ་ཕྲད་མོད། འོན་ཀྱང་ད་བར་ཧན་གོས་ཁྲའོ་ཞན་དང་གླེང་མོལ་བརྒྱུད་ཕྱོགས་གཉིས་པོའི་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བའི་ཚོད་ལྟ་བྱེད་པ་དང་ཆབས་ཅིག་དེའི་སྔོན་དཔག་གི་འབྲས་བུར་སྤྲོ་སྣང་ལྡན་པའི་ངོས་འཛིན་བྱས་པ་རེད།

དེ་དང་ཆབས་ཅིག ཝུན་ཙའེ་དབྱིན་གྱིས་ཧན་གོ་དང་ཁྲའོ་ཞན་རྒྱལ་ཁབ་གཉིས་པོའི་དབར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དེས་ཕྱེད་གླིང་གི་གནད་དོན་ཐག་གཅོད་ལ་ནུས་པ་ཐོན་པའི་ནན་བཤད་བྱས་པ་དང་། “གང་ལྟར་ཕྱེད་གླིང་གི་ལྷོ་བྱང་འབྲེལ་བ་ནི་ང་ཚོ་རང་ཉིད་ཀྱི་གནད་དོན་རེད། ལྷོ་བྱང་ཕྱོགས་གཉིས་པོར་ལྷོ་བྱང་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་པོའི་འདུ་ཤེས་ལྡན་དགོས”ཞེས་བརྗོད་པ་རེད། ཁོང་གིས་ཁྲའོ་ཞན་དང་ཨ་རི་རྒྱལ་ཁབ་གཉིས་པོའི་གླེང་མོལ་མཚམས་འཇོག་ཏུ་ལུས་པའི་དེང་གི་དུས་སྐབས་སུ། ཧན་གོ་དང་ཁྲའོ་ཞན་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཁྲའོ་ཞན་དང་ཨ་རི་རྒྱལ་ཁབ་གཉིས་པོའི་གླེང་མོལ་གྱི་ལྟ་ཚུལ་ལ་མ་བལྟོས་པར། ཧན་གོ་དང་ཁྲའོ་ཞན་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་སྐུལ་འདེད་བཏང་བ་བརྒྱུད། ཁྲའོ་ཞན་དང་ཨ་རི་རྒྱལ་ཁབ་གཉིས་པོའི་དབར་གྱི་གླེང་མོལ་ལ་སྐུལ་མ་གཏོང་དགོས་ཞེས་བརྗོད་པ་རེད།

གསར་འགོད་པའི་ཚོགས་འདུ་འཚོག་རིང་། ད་དུང་ཝུན་ཙའེ་དབྱིན་གྱིས་ཧན་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་འགོག་སྲུང་གྲོན་དངུལ་གྱི་གྲོས་མོལ་དང་ཧན་གོ་དང་རི་པིན་རྒྱལ་ཁབ་གཉིས་པོའི་ཚོང་དོན་རྩོད་གཞི་སོགས་རྒྱལ་སྤྱིའི་གྲོས་དོན་གལ་ཆེན་དང་། ཧན་གོའི་རྒྱལ་ནང་དུ་གླེང་མང་བའི་གྲོས་དོན་ཐད་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད།

(དཀོན་སྒྲོལ་གྱིས་བསྒྱུར། པ་ཚེས་ཞུས)