《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月17日

ངའི་ཕ་ཡུལ་གཟུགས་བརྙན་དཔེ་སྟོན་གྲོང་ཚོར་གྱུར་སོང་།

—— ཀྲུང་གོའི་ཉམས་མྱོང་གིས་འབར་མའི་དབུལ་པོ་ཉུང་གཏོང་ལ་རམ་འདེགས་བྱས་པ།

ཆིན་ཏི་ཏ་ཐུན་ནི་འབར་མའི་ནེ་ཏུའུ་པི་གྲོང་ཁྱེར་ཏ་ཀུང་གྲོང་རྡལ་ཨའེ་ཆང་ཏ་གྲོང་ཚོའི་གྲོང་མི་ཡིན་ཞིང་། 1998ལོར་དེར་གཞིས་ཆགས། ཁོང་གིས་དེ་སྔོན་དཔལ་འབྱོར་ཆ་རྐྱེན་ཡག་པོ་མེད་སྟབས་ས་གནས་འདི་གའི་གྲོང་མི་མང་ཆེ་བ་པང་ལེབ་བམ་ཡང་ན་སྨྱུག་མའི་ཁང་པར་སྡོད་ཀྱི་ཡོད་པ་དང་གྲོང་ཚོར་ཞིང་ཆུ་གཏོང་བའི་སྒྲིག་བཀོད་མི་འདང་བ་མ་ཟད། འཐུང་ཆུའང་ས་འོག་ནས་འཐེན་དགོས་ཀྱི་ཡོད་ཅེས་བཤད།

“ཆུའི་གནད་དོན་གྱིས་མི་མང་པོའི་བདེ་ཐང་ལ་གནོད་འཚེ་བཟོ་ཡི་ཡོད”ཅེས་གྲོང་མི་མའོ་ཝུའེ་ཡིས་བཤད། གྲོང་ཚོར་སྤོས་རྗེས་ཆུ་སྤུས་ཧ་ཅང་ཞན་པ་ཤེས་ནའང་ཆུ་འགོ་གཞན་དག་མེད་པའི་རྐྱེན་གྱིས་ཚང་མས་ས་འོག་ཆུ་མི་འཐུང་ཀ་མེད་རེད།

2017ལོའི་ཟླ་11པར་ཀྲུང་གོ་དང་འབར་མའི་དབར་ཀྲུང་གོས་འབར་མར་དབུལ་པོ་ཉུང་དུ་གཏོང་རོགས་བྱེད་པའི་དཔེ་སྟོན་མཉམ་ལས་རྣམ་གྲངས་ལག་བསྟར་བྱེད་པའི་གྲོས་མཐུན་བཞག་པ་རེད།

ཀྲུང་གོ་ཕྱོགས་ཀྱིས་འབར་མར་ཀྲུང་གོའི“གནད་སྨིན་དབུལ་སྐྱོར”གྱི་ཉམས་མྱོང་ཁྱབ་གདལ་བཏང་ནས་འབར་མའི་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་སུ་གཏོང་བ་དང་། གྲོང་གསེབ་ཀྱི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། ཞིང་དུད་ཀྱི་རང་ངོས་འཕེལ་རྒྱས་འཇོན་ཐང་ཆེ་རུ་གཏོང་བ་བཅས་ལ་རོགས་སྐྱོར་ཐུབ་རེ་བྱེད་ཀྱི་ཡོད།

2018ལོའི་ཟླ་དང་པོར་རྣམ་གྲངས་དེའི་ལག་བསྟར་ཚན་པ་ཡུན་ནན་ཞིང་ཆེན་རྒྱལ་སྤྱིའི་དབུལ་སྐྱོར་དང་འཕེལ་རྒྱས་ལྟེ་གནས་ཀྱིས་རིགས་གཅིག་མཁས་ཅན་མང་པོ་ཞིག་ཨའེ་ཆང་ཏ་གྲོང་ཚོ་དང་ལའེ་ཝུའེ་གྲོང་རྡལ་མིན་པིན་གྲོང་ཚོར་ས་གནས་འདི་གའི་གྲོང་མིའི་འགྲིམ་འགྲུལ་དང་། འཐུང་ཆུ། སློབ་གསོ། འཕྲོད་བསྟེན་སོགས་ལེགས་སུ་གཏོང་རོགས་བྱེད་པར་བཏང་བ་རེད།

2018ལོའི་ལོ་མཇུག་ཏུ་ཀྲུང་གོའི་རིགས་གཅིག་མཁས་ཅན་གྱི་རོགས་རམ་འོག ཨའེ་ཆང་ཏ་གྲོང་ཚོས་སྤྱི་ལེ་གསུམ་ལྷག་ཙམ་གྱི་སར་ཡོད་པའི་ཆུ་མཛོད་ནས་གྲོང་ཚོར་ཆུ་དྲངས་ཏེ་ཆུ་གསོག་མཐོ་ལྕོག་དང་ཆུ་གསོག་རྫིང་བུ་བསྐྲུན་པ་མ་ཟད། ཁོ་ཚོར་འཐུང་ཆུ་ཁྱིམ་དུ་འདྲེན་པའི་སྒྲིག་བཀོད་སྒྲིག་སྦྱོར་བྱེད་རོགས་བྱས་པ་རེད།

“ང་ཚོར་ད་ཆ་བདེ་འཇགས་འཐུང་ཆུ་ཡོད་པས། ཆུའི་སྤུས་ཚད་ལ་སེམས་ཁྲལ་བྱེད་དགོས་མེད”ཅེས་ཆིན་ཏི་ཏ་ཐུན་གྱིས་འཛུམ་དམུལ་དམུལ་ངང་བཤད། དེ་སྔོན་ཆར་པ་བབས་རྗེས་འདམ་རྫབ་ཏུ་གྱུར་པའི་ལམ་དག་ལ་ད་ཆ་ཨར་འདམ་ལམ་བུ་བཏིང་བ་དང་འཕྲོད་བསྟེན་ཁང་ཡང་ངའི་ཁྱིམ་གྱི་ཁ་སྤྲོད་དུ་ཡོད་པས་ནད་ལྟ་བར་དངོས་གནས་སྟབས་བདེ་པོ་འདུག

དབུལ་པོ་ཉུང་གཏོང་དཔེ་སྟོན་མཉམ་ལས་རྣམ་གྲངས་ཀྱི་ཀྲུང་གོ་ཕྱོགས་ཀྱི་རིགས་གཅིག་མཁས་ཅན་གྱི་ཙུའུ་ཀྲང་ཞུས་ཝུན་ལིས། རྣམ་གྲངས་དེའི་དམིགས་ཡུལ་ནི་ཀྲུང་གོ་ཕྱོགས་ཀྱི་དབུལ་པོ་ཉུང་གཏོང་གི་ཉམས་མྱོང་ལ་བརྟེན་ནས་ས་བབ་དང་བསྟུན་པ་དང་དབུལ་པོར་བརྟེན་ནས་ཐབས་ཇུས་འདོན་པ་དང་། ས་གནས་འདི་གའི་འཕེལ་རྒྱས་ཀྱི་དགོས་མཁོ་སྟོན་ཕྱོགས་སུ་བྱས་ཏེ་གནད་སྨིན་དབུལ་སྐྱོར་བྱེད་པ། ས་གནས་འདི་གའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ། ཞིང་དུད་དབུལ་པོའི་ཡོང་འབབ་མང་དུ་གཏོང་བ་བཅས་བྱ་ཆེད་རེད་ཅེས་བཤད།

སློབ་གསོའི་ཆ་རྐྱེན་ལེགས་སུ་གཏོང་བ་ནི་དབུལ་པོ་ཉུང་གཏོང་གི་མཉམ་ལས་དཔེ་སྟོན་རྣམ་གྲངས་ཀྱི་ནང་དོན་ཞིག་རེད། “གསང་སྤྱོད་དུ་སྐྱོད་པར་སྟབས་བདེ་མེད་པ་དང་སློབ་གྲྭའི་རྒྱབ་ཏུ་གད་སྙིགས་ཧ་ཅང་མང་པོ་ཡོད”ཅེས་ཨའེ་ཆང་ཏ་དཔེ་སྟོན་གྲོང་ཚོའི་སློབ་འབྲིང་གི་སློབ་མ་ཐའེ་མིང་ལུན་གྱིས་སློབ་གྲྭའི་ཉལ་ཁང་རྙིང་པར་དེ་ལྟར་གདེང་འཇོག་བྱས། ཁོང་གིས་རྣམ་གྲངས་ལག་བསྟར་བྱས་རྗེས་ང་དང་སློབ་གྲོགས་ཚོ་དཀར་ཆ་དོད་པའི་སློབ་ཁྲིད་ཐོག་ཁང་གསར་པར་སྤོས་པ་དང་སློབ་གྲྭར་དཔེ་མཛོད་ཁང་ཡོད་པས་དེབ་ལྟ་བར་དངོས་གནས་སྟབས་བདེ་པོ་འདུག་ཅེས་བཤད།

ཨའེ་ཆང་ཏ་དཔེ་སྟོན་གྲོང་ཚོའི་སློབ་འབྲིང་གི་སློབ་སྤྱི་ལ་ལ་ཝུང་གིས་དེ་སྔོན་སློབ་གྲྭའི་སློབ་ཁང་གི་ཆ་རྐྱེན་ཡག་པོ་མེད། ཆར་པ་འབབ་རིམ་བཞིན་ཆར་ཐིགས་རྒྱག་པ་དང་སློབ་ཁང་འདང་ངེས་མེད་པས་ལོ་རིམ་དམའ་བའི་སློབ་མ་ཁག་གཅིག་མཛོད་ཁང་དུ་སློབ་ཚན་ཉན་པ་དང་ས་ཆ་གཞན་དག་ནས་ཡོང་བའི་དགེ་རྒན་ལ་སྡོད་ཁང་རག་གི་མེད། རྣམ་གྲངས་ལག་བསྟར་བྱས་རྗེས་སློབ་མ་སོ་སོར་སྒྲོག་ཙེ་རྐུབ་བཀྱག་ཡོད་པ་དང་དགེ་རྒན་གྱི་ཉལ་ཁང་ལའང་ཆུ་གློག་ཚང་མ་ཡོད་ཅེས་བཤད།

རྣམ་གྲངས་དེར་བརྟེན་ནས་ས་གནས་འདི་གའི་གྲོང་མི་རྣམས་རང་ཀོང་དང་། པེ་ཅིང་། ཀུའེ་ཀྲོའུ་སོགས་སུ་གད་སྙིགས་ཐག་གཅོད་དང་འདེབས་འཛུགས་གསོ་ཚགས་སོགས་ཀྱི་རྣམ་གྲངས་ལ་རྟོག་ཞིབ་བྱེད་པར་སྐྱོད་པའི་གོ་སྐབས་རག་ཡོད།

ཕྱིར་རྟོག་ཞིབ་དང་སློབ་སྦྱོང་བྱེད་པར་བསྐྱོད་པས་གྲོང་མིའི་མཐོང་རྒྱ་ཆེ་རུ་ཕྱིན་པ་དང་ཁོ་ཚོའི་འདེབས་འཛུགས་གསོ་ཚགས་བྱེད་སྟངས་ལ་འགྱུར་ལྡོག་ཕྱིན་ཡོད་པ་རེད། ཆིན་ཏི་ཏ་ཐུན་གྱིས་ཀུའེ་ཀྲོའུ་ནས་ས་གནས་འདི་གའི་གྲོང་མིས་ས་ཆ་ཉུང་ཉུང་ཞིག་ཏུ་ཞིང་ལས་སྐྱེ་དངོས་མང་པོ་ཞིག་བཏབ་པ་མཐོང་བ་དང་ཁོང་གིས་ཀྲུང་གོ་ནས་མ་རྨོས་ལོ་ཏོག་གི་ས་བོན་ཁྱེར་ནས་ལྗང་གསོ་དང་། རྩ་སྤོས། ལུད་རྒྱག་སོགས་ཀྱི་ཐབས་ལ་བརྟེན་ནས་འདེབས་འཛུགས་བྱས་པས་ད་ཆ་མ་རྨོས་ལོ་ཏོག་ལ་རྡོག་པོ་ཐོན་ཡོད་པ་རེད།

ཨའེ་ཆང་ཏ་གྲོང་ཚོའི་གྲོང་མི་ཨེང་སུའོ་ཝུན་གྱིས་དེ་སྔོན་ཕྱིར་གླ་པ་བརྒྱུགས་ནས་འཚོ་བ་སྐྱེལ་གྱི་ཡོད་པ་དང་ད་ཆ་ལག་རྩལ་མི་སྣའི་མཛུབ་ཁྲིད་འོག་ཁོང་སྔོ་ཚལ་འདེབས་འཛུགས་མཁས་ཅན་དུ་གྱུར་ཡོད། ཁོང་གིས“ད་ཆ་ཉེ་འགྲམ་མང་ཚོགས་མང་ཆེ་བས་ངས་ཚལ་ཡག་པོ་འདེབས་པ་ཤེས་ཏེ་ཉོ་མཁན་མང་པོ་འདུག”ཅེས་བཤད།

2019ལོའི་ཟླ་11པར་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་10དང་དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་90ལྷག་ཙམ་ཨའེ་ཆང་ཏ་གྲོང་ཚོར་རྟོག་ཞིབ་བྱེད་པར་བསྐྱོད་ཅིང་། “ཨའེ་ཆང་ཏ་གྲོང་ཚོས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ལ་རྣམ་གྲངས་ལག་བསྟར་གྱི་ཉམས་མྱོང་དང་བྱ་ཐབས་འོས་སྦྱོར་བྱས་པས་འཐུས་མི་ཚོས་བསྔགས་བརྗོད་དང་གདེང་འཇོག་བཟང་པོ་བྱས་པ་རེད”ཅེས་ཞུས་ཝུན་ལིས་བཤད།

“ཀྲུང་གོ་ཕྱོགས་ཀྱི་ལས་དོན་མི་སྣ་དངོས་གནས་ཕུལ་དུ་བྱུང་བ་ཞིག་འདུག་ལ་ཚོགས་པའི་མཉམ་ལས་ཀྱི་འཇོན་ཐང་ཆེན་པོ་འདུག་པས་བརྩི་འཇོག་བྱེད་འོས་པ་ཞིག་འདུག”ཅེས་འབར་མའི་ཞིང་ལས་སྡེ་ཚན་གྱི་དཔོན་རིགས་ཤིག་གིས་དེ་ལྟར་བཤད། རྣམ་གྲངས་དེར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཚུད་པ་མ་ཟད། དམངས་འཚོ་ལེགས་སུ་གཏོང་བ་དང་གྲོང་མིའི་རྩལ་ནུས་ཆེ་རུ་གཏོང་བའི་བྱ་ཐབས་ལྡན་འདུག ད་ཆ་ཨའེ་ཆང་ཏ་གྲོང་ཚོ་དང་མིན་པིན་གྲོང་ཚོའི་ལམ་དང་། འཐུང་ཆུ། གློག་སོགས་ཀྱི་གནས་ཚུལ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་ཞིང་འབྲོག་འཕེལ་རྒྱས་ཕྱིན་ནས་ལས་ཞུགས་ལས་གནས་མང་པོ་ཞིག་ཐོན་ཡོད་པ་རེད།

(བསོད་བདེ་གཞོན་པས་བསྒྱུར། བསྟན་བློས་ཞུས)