《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月14日

བོད་ཀྱི་ལྕགས་ལམ་ཁོངས་གཏོགས་ཀྱིས་དཔྱིད་གསར་སྐྱེལ་འདྲེན་ ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ།

འདི་ག་ཚགས་པར་ཁང་གི་གསར་འགོད་པ། ཡོན་ཆོན་དང་ཤན་ཀན།

ཟླ་1ཚེས་10ཉིན། 2020ལོའི་མེ་འཁོར་གྱི་དཔྱིད་གསར་སྐྱེལ་འདྲེན་དངོས་སུ་འགོ་ཚུགས་ཤིང་། བོད་ཀྱི་མེ་འཁོར་གྱི་དཔྱིད་གསར་སྐྱེལ་འདྲེན་གྱི་འཐབ་ས་གཙོ་བོ་ལྷ་ས་མེ་འཁོར་བབས་ཚུགས་སུ་འགྲུལ་པ་མང་བའི་དུས་སུ་སླེབས་ཡོད། འདི་ལོའི་དཔྱིད་གསར་སྐྱེལ་འདྲེན་ཟླ་1ཚེས་10ཉིན་ནས་ཟླ་2ཚེས་18ཉིན་བར་ཡིན་པ་དང་དུས་ཡུན་ཉིན་40ཡིན་ཞིང་། ལྷ་ས་མེ་འཁོར་བབས་ཚུགས་ཀྱིས་ཉིན་ལྟར་མེ་འཁོར་ཆ་བདུན་བཏང་སྟེ། ཚོད་རྩིས་བྱས་ན་འགྲུལ་པ་མི་གྲངས་ཁྲི་22.04སྐྱེལ་འདྲེན་བྱ་རྒྱུ་དང་། ཉིན་རེར་ཆ་སྙོམས་མི་གྲངས་5500ཙམ་ཟིན་གྱི་ཡོད་པ་དུས་མཚུངས་ལས་3%འཕར་བ་དང་ཆབས་ཅིག ཟླ་1ཚེས་6ནས་20ཉིན་བར་ལྷ་ས་ནས་ཟི་ལིང་བར་སྐབས་འཕྲལ་མེ་འཁོར་གནངས་འཆར་ལ་གཏོང་རྒྱུ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། བོད་ཀྱི་མེ་འཁོར་གྱི་དཔྱིད་གསར་སྐྱེལ་འདྲེན་ལ་ནང་སའི་མེ་འཁོར་བབས་ཚུགས་ཆེ་གྲས་ཇི་བཞིན་གཅིག་སྡུད་རྣམ་པའི་འགྲུལ་པ་མང་པོ་མེད་ཀྱང་། ལྷ་ས་ཁུལ་གྱི་དཔྱིད་གསར་སྐྱེལ་འདྲེན་གྱི་ཁྱད་ཆོས་ཤིག་ལྡན་ཡོད། གཅིག་ནས་དཔྱིད་གསར་སྐྱེལ་འདྲེན་གྱི་དུས་ཡུན་རིང་བ། 2019ལོའི་ཟླ་11པའི་ཟླ་མཇུག་ནས་བཟུང་། བོད་ལྗོངས་ལྷ་ས་དང་། ལྷོ་ཁ། གཞིས་རྩེ་སོགས་ས་ཁུལ་གྱི་་ལས་མི་ཁག་བགོས་དང་གཅིག་སྡུད་ངང་ཕ་ཡུལ་དུ་ལོག་པར་བརྟེན་ས་ཁུལ་གཞན་དང་བསྡུར་ན་ལྷ་སའི་དཔྱིད་གསར་སྐྱེལ་འདྲེན་བལྟོས་བཅས་ཀྱིས་འགོ་ཚུགས་སྔ་བ་ཡོད། ཅིག་ཤོས་ནི་ལྷ་ས་ཁུལ་གྱི་སློབ་མ་སློབ་འགོ་ཚུགས་པའི་དུས་ཚོད་ས་ཁུལ་གཞན་ལས་ཕྱི་བ་ཡོད་པས་དཔྱིད་གསར་སྐྱེལ་འདྲེན་གྱི་ལས་དོན་ཚོད་རྩིས་བྱས་ན་ཟླ་3ཚེས་15ཉིན་བར་རྒྱུན་མཐུད་ཀྱི་ཡོད་པས་དཔྱིད་གསར་སྐྱེལ་འདྲེན་མཇུག་འགྲིལ་བའི་ལས་དོན་ཕྱི་བ་ཡོད།

“དུས་ཡུན་རིང་བའི་དཔྱིད་གསར་སྐྱེལ་འདྲེན་གྱི་ལས་དོན་ཡག་པོ་སྒྲུབ་པར། ང་ཚོས་བདེ་འཇགས་འགན་ལེན་དང་། ཞབས་འདེགས་སྤུས་ལེགས། སྤུས་ཚད་མཐོ་རུ་གཏོང་ བ་སོགས་ནས་འགོ་བཙུགས་ཏེ་མེ་འཁོར་བབས་ཚུགས་ཀྱི་ཞབས་འདེགས་འཇོན་ཐང་དང་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་གཏོང་དགོས་པ་མ་ཟད་། བབས་ཚུགས་སུ‘དར་ཚོན་སྣ་ལྔའི་ཁ་བཏགས་ཀྱི་འགྲུལ་པའི་ཞབས་ཞུའི་ལྟེ་གནས’ཀྱིས་འགྲུལ་པར་ས་མཐོའི་དོས་དྲག་ནད་ཀྱི་སྨན་དང་བོད་ཀྱི་ཁྱད་ལྡན་བཟའ་བཅའ་སོགས་ས་ཁོངས་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་དམངས་ཕན་ཞབས་འདེགས་ཞུས་ནས་འགྲུལ་པའི་འགྲོ་འོང་ལ་སྟབས་བདེ་དང་། བདེ་འཇགས། བདེ་སྐྱིད་བཅས་ལྡན་པ་བྱེད་ཀྱི་ཡོད”ཅེས་ལྷ་ས་མེ་འཁོར་བབས་ཚུགས་འཁོར་ཁང་གི་ཀྲུའུ་རེན་ཧའུ་ཀྲན་ཡོན་གྱིས་བརྗོད་པ་རེད།

འགྲུལ་པ་བདེ་འཇགས་ངང་ཁྱིམ་དུ་ལོག་པར་འགན་ལེན་བྱེད་པ་ཕུད། ལྷ་ས་མེ་འཁོར་བབས་ཚུགས་ཀྱིས་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་དང་འབྲེལ་གཏུག་ཧུར་ཐག་བྱས་ནས། ཉེ་བའི་ལོ་ཤས་རིང“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”སྲིད་ཇུས་ཤེས་རྟོགས་བྱས་ཏེ། ལྗང་མདོག་བགྲོད་ལམ་བཏོད་པ་དང་། བབས་ཚུགས་ཤར་གཏོང་གི་འདུ་འགོད་ལག་ལེན་བསྟར་ནས་གཞུང་ལམ་དང་ལྕགས་ལམ་གྱི་འགྲིམ་འགྲུལ་སྦྲེལ་མཐུད་དང་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ། ཞབས་ཞུའི་བློ་འདྲི་དུས་ཐོག་ཏུ་ཡོངས་བསྒྲགས་བྱེད་པ། འགྲོ་འོང་དགོས་མཁོའི་བརྒྱུད་རིམ་ཧྲིལ་པོ་བདག་སྤྲོད་སོགས་དམངས་ཕན་བྱ་ཐབས་མང་པོ་བཏོན་ནས“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པར”གཞོགས་འདེགས་བྱེད་ཀྱི་ཡོད་པ་རེད།

དཔྱིད་གསར་སྐྱེལ་འདྲེན་གྱི་ཉིན་དང་པོར་ལྷ་ས་ལྕགས་ལམ་སྤྱི་བདེ་ཁྲུའུ་ཡིས་ལྷ་ས་མེ་འཁོར་བབས་ཚུགས་ཀྱི་མེ་འཁོར་སྒུག་སའི་ཚོམས་ཆེན་དུ་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས། 2020ལོའི་དཔྱིད་གསར་སྐྱེལ་འདྲེན་གྱི་ཉིན་དང་པོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཏེ་ཐེངས་འདིའི་དཔྱིད་གསར་སྐྱེལ་འདྲེན་བདེ་འཇགས་དང་། གོ་རིམ་ལྡན་པ། དྲོ་སྐྱིད་ལྡན་པ་བཅས་ཀྱི་སྒོ་ནས་ལེགས་གྲུབ་ཡོང་བའི་འགན་ལེན་བྱས་ཡོད། སྤ་སེ་འཚོང་སའི་ཚོམས་ཆེན་དང་མེ་འཁོར་སྒུག་སའི་ཚོམས་ཆེན་དུ་འགྲུལ་པར་མེ་འཁོར་སྤ་སེ་ངོ་མ་དང་རྫུས་མ་དབྱེ་འབྱེད་ཀྱི་ཤེས་བྱ་གསལ་འགྲེལ་དང་དེ་བཞིན་བདེ་འཇགས་ཤེས་བྱ་དྲིལ་བསྒྲགས་བྱེད་པ་དང་དུས་མཚུངས། མི་དམངས་ཉེན་རྟོག་པས་ད་དུང་འགྲུལ་པར་བཀྲ་ཤིས་རྟེན་འབྲེལ་མཚོན་པའི་ཡི་གེ་དང་ཆ་ཡིག་སྤྲད་དེ་དཔྱིད་གསར་སྐྱེལ་འདྲེན་གྱི་ལས་དོན་ལ་ལོ་གསར་གྱི་རྣམ་པ་ཟབ་མོ་ལྡན་པར་བྱས་ཡོད། (བདེ་སྐྱིད་སྒྲོལ་དཀར་གྱིས་བསྒྱུར། བདེ་སྒྲོལ་དང་བསོད་དཔའ་ཡིས་ཞུས)