《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月13日

སྟོབས་ཆེའི་སྲིད་ཏང་ནི་རང་ངོས་གསར་བརྗེའི་ཁྲོད་ཞུན་བརྡར་བྱུང་བ་ཞིག་རེད།

ཇི་ཙམ་དུས་ཡུན་རིང་པོར་སྲིད་སྐྱོང་དགོས་ན་དེ་ཙམ་གྱིས་མར་ཁེ་སི་རིང་ལུགས་སྲིད་ཏང་གི་རང་མདངས་དོར་མི་རུང་བ་དང་། དེ་ཙམ་གྱིས་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྗེད་མི་རུང་བ། དེ་ཙམ་གྱིས་རང་ངོས་གསར་བརྗེའི་སྙིང་སྟོབས་བརླག་མི་རུང་།

“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་སྡོམ་ཚོགས་ཆེན་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་ལ་དམིགས་ནས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་བྱེད་པར་ངེས་པར་དུ་གནད་དོན་ལ་གཙིགས་ཆེན་བྱེད་པའི་བློ་སྟོབས་དང་གྲི་དངོ་ནང་དུ་གཏད་པའི་རང་རྟོགས་ལ་བརྟེན་ནས་ཏང་གི་རང་ངོས་གསར་བརྗེར་ཟམ་མི་ཆད་པར་སྐུལ་འདེད་གཏོང་དགོས་པའི”བླང་བྱ་ཁ་གསལ་བཏོན་ཏེ་ཏང་ཡོངས་ཀྱི་བློ་མཐུན་ཚོར་མཐིལ་ཕྱིན་པའི་རང་ངོས་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་ལས་འགལ་བའི་གནད་དོན་སྣ་ཚོཌ་ཐག་གཅོད་བྱས་ཏེ་དུས་རབས་གསར་པའི་ཏང་གི་ལོ་རྒྱུས་ཀྱི་འགན་འཁྲི་མངོན་འགྱུར་ཡོང་བར་དེ་བས་རང་རྟོགས་ངང་འབད་བརྩོན་ལྷོད་མེད་བྱེད་དགོས་པའི་ཉེན་བརྡ་དང་སྐུལ་ལྕག་བཏང་གནང་བ་རེད།

སྟོབས་ཆེའི་སྲིད་ཏང་ནི་རང་ངོས་གསར་བརྗེའི་ཁྲོད་ཞུན་བརྡར་བྱུང་བ་ཞིག་རེད། རང་ངོས་གསར་བརྗེ་བྱེད་ཕོད་པ་དང་ཏང་ལ་དོ་དམ་ནན་པོ་དང་ཏང་སྐྱོང་བ་ནི་རང་རེའི་ཏང་གི་མངོན་གསལ་དོད་ཤོས་ཀྱི་སྤྱོད་རྒྱུད་ཅིག་རེད། ཏང་གི་ལོ་རྒྱུས་ལ་ཕྱིར་མིག་ལྟ་སྐབས་རང་རེའི་ཏང་གིས་སྤྱི་ཚོགས་གསར་བརྗེར་སྐུལ་འདེད་གཏོང་བ་དང་དུས་མཚུངས་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་ཕོད་པ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་བདེན་དོན་མཐའ་འཁྱོངས་དང་ནོར་འཁྲུལ་ཡོ་བསྲང་དང་། གནད་དོན་ལ་གཙིགས་ཆེན་དང་ཞན་ཆ་ཁྱད་བསད་བྱེད་ཕོད་པ། རུས་འབྲད་དུག་སེལ་དང་རུལ་བཅོས་བྱ་གསོ་བྱེད་ཕོད་པ་བཅས་བྱས་ཡོད། རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་དེ་ལྟར་མཐའ་འཁྱོངས་བྱས་པ་ལས་གཞི་ནས་ཉེན་ཁ་དང་གོད་ཆག་གི་སྐབས་སུ་ཐར་ལམ་རྙེད་པ་དང་ནོར་འཁྲུལ་བྱུང་རྗེས་ཟིང་བཅོས་ཡོ་བསྲང་ཐུབ་ནས་ནམ་ཡང་ཉམས་རྒུད་མེད་པའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ཞིག་ཏུ་གྱུར་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་རླབས་ཆེན་པོ་ནི་ནོར་འཁྲུལ་མི་ཐོན་པ་མིན་པར་སྔ་བར་ཕྱི་གསུམ་དུ་གནད་དོན་ལ་ཐད་ཀར་གཏུག་ཕོད་པ་དང་རང་ངོས་གསར་བརྗེ་བྱེད་ཕོད་པ་དེ་ཡིན་པས་རང་ངོས་ཡོ་བསྲང་གི་ནུས་པ་ཧ་ཅང་ཆེན་པོ་ལྡན་པ་ལོ་རྒྱུས་ལས་ར་སྤྲོད་གསལ་པོ་བྱུང་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པར་རྒྱལ་ཡོངས་མི་དམངས་ཀྱིས་ཚད་མཐོའི་གདེང་འཇོག་བྱས་ཡོད། ད་རེས་ཏང་ཡོངས་ཀྱིས་སྤེལ་བའི་བརྗོད་དོན་གཙོ་བོའི་སློབ་གསོ་ཉིད་སྔོན་དཔག་གི་དམིགས་ཚད་དུ་སླེབས་ནས་གྲུབ་འབྲས་ཆེན་པོ་ཐོབ་ནའང་། ཏང་གི་རང་ངོས་གསར་བརྗེའི་ལས་འགན་ལྕི་ལ་ལམ་ཐག་རིང་བ་མཐོང་ཐུབ་པ་དགོས། མཚམས་རེ་གོམ་པ་སྤོ་མཚམས་བཞག་ནས་ངལ་རེ་གསོ་བའི་བསམ་ཚུལ་གཏན་ནས་ཡོད་མི་རུང་། དེང་སྐབས། ཏང་ཡོན་དང་ལས་བྱེད་པ་ཉུང་ཤས་ཀྱི་རང་ངོས་གསར་བརྗེའི་སྙིང་སྟོབས་ཞན་དུ་སོང་ཁར་ད་ཆའི་གནས་བབ་ལ་བློ་ཡིད་ཚིམ་པ་དང་ཉི་མ་གང་འཁྱོལ་བྱེད་པ་དང་། ལ་ལའི་གནད་དོན་ཞིབ་དཔྱད་ཀྱི་ནུས་པ་སྐྱོ་རུ་ཕྱིན་ནས་ཁེ་གྱོང་ཁོ་ནར་ལྟ་བ་དང་སྐྱོན་གསང་ནས་བཅོས་འདོད་མི་བྱེད་པ།

(པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད) ཁ་ཤས་ཀྱི་སྐྱོན་བརྗོད་ནུས་པ་ཇེ་ཞན་དུ་སོང་ནས་ཇོ་བཟང་གི་བརྟུལ་ཞུགས་འཛིན་པ་དང་མ་གོ་མ་ཐོས་ཁུལ་བྱེད་པ། རེ་ཟུང་གིས་བག་མེད་རུལ་སུངས་བྱས་ནས་མིག་ནང་སྒྲིག་ཁྲིམས་མེད་པ་དང་ཐ་ན་ཡ་མེད་སྒྲིག་འགལ་གྱིས་ཏང་གི་སྒྲིག་ལམ་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ཡང་ཡང་ཐོན་གྱི་ཡོད། ནམ་ཞིག“རང་སེམས་གདོན་གྱིས་བསླས”ཚེ། རང་ངོས་གསར་བརྗེའི་བློ་སྟོབས་ཉམས་པར་གྱུར་ཏེ་ཐོག་མའི་བསམ་འདུན་ལས་འགལ་བ་དང་འགན་འཁྲི་བརྗེད་ངེས་པ་མ་ཟད། སྒྲིག་ལམ་གྱི་མཐའ་ཚད་ལས་བརྒལ་བ་དང་ཐ་ན་ཁྲིམས་འགལ་ཉེས་གསོག་ཀྱང་བྱ་སྲིད། དུས་རབས་གསར་པར་ཏང་གི་རང་ངོས་གསར་བརྗེ་གཏིང་ཟབ་ཀྱི་ཕྱོགས་སུ་སྐུལ་འདེད་བཏང་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་ལས་འགལ་བའི་གནད་དོན་སྣ་ཚོགས་ཐག་གཅོད་ཏན་ཏིག་དང་། ཏང་གི་སྔོན་ཐོན་རང་བཞིན་ཞན་དུ་འགྲོ་བ་དང་ཏང་གི་དྭངས་གཙང་རང་བཞིན་ལ་གནོད་པའི་རྒྱུ་རྐྱེན་མཐའ་དག་མཐའ་གཅིག་ཏུ་གཙང་སེལ་བྱས་ཚེ། གཞི་ནས་ཏང་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་ཐུབ་པ་དང་། མི་དམངས་ཀྱིས་ལྷག་བསམ་ཟོལ་མེད་ཀྱིས་གོང་བཀུར་བྱེད་པ། རང་ངོས་གསར་བརྗེ་བྱེད་ཕོད་པ། ཛ་དྲག་གི་ཉམས་སད་སྣ་ཚོགས་ཐེག་ཐུབ་པ། ཡར་ངོའི་ཟླ་བཞིན་འཕེལ་བ་བཅས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་སྲིད་འཛིན་ཏང་ཞིག་ཏུ་འཛུགས་སྐྱོང་བྱ་ཐུབ།

ཐོག་མའི་བསམ་འདུན་འཛིན་སླ་ཡང་ཐོག་མཐའ་བར་གསུམ་དུ་སྲུང་བར་དཀའ། ཏང་ཡོངས་ཀྱི་བློ་མཐུན་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་བླང་བྱ་ཁ་གསལ་ལ་གཞིགས་ཏེ། ངེས་པར་དུ་བླ་ན་མེད་པའི་གསར་བརྗེའི་ཕུགས་འདུན་དང་གསར་བརྗེའི་དཔའ་ཉམས་ཆེན་པོ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ཀྱི་མཚོན་ཆ་རྣོན་པོ་སྤྱད་དེ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པར་དམ་འཛིན་བྱེད་དགོས། ཏང་གི་རང་ངོས་དྭངས་གཙང་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བསྒྱུར། རང་ངོས་ལེགས་བཅོས་བཅས་ཀྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པ་དང་། ཏང་གི་རྨང་གཞིར་གཡོ་འགུལ་དང་ཏང་གི་བྱ་གཞག་ལ་འགོག་རྐྱེན་བཟོ་བའི་སྣང་ཚུལ་ཡོད་ཚད་དང་མཐའ་གཅིག་ཏུ་འཐབ་རྩོད་བྱེད་དགོས་ལ། ཏང་ནང་ཁུལ་དུ་ཡོད་པའི་སྤྱོད་ཚུལ་ངན་པའི་རིགས་མཐའ་དག་གཙང་སེལ་བྱས་ཏེ་རང་རེའི་ཏང་སྔར་བས་ཞུམ་མེད་སྟོབས་ལྡན་ཅན་དུ་འཛུགས་སྐྱོང་བྱེད་དགོས།

གནད་དོན་ལ་གཏུགས་ཕོད་པ་དང་ནོར་འཁྲུལ་ཡོ་བསྲང་བྱེད་ཕོད་པ་ནི་རང་རེའི་ཏང་གི་མངོན་གསལ་དོད་པའི་ཁྱད་ཆོས་དང་ལེགས་ཆ་རེད། རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། རང་ངོས་གསར་བརྗེ་ལ་ཟམ་མི་ཆད་པར་སྐུལ་འདེད་བཏང་ཚེ། ང་ཚོས་ཏང་གི་བསམ་བློ་དང་། ཏང་གི་རྩ་འཛུགས། ཏང་གི་སྤྱོད་ཚུལ། ཏང་གི་ལུས་ཕུང་བཅས་ཟམ་མི་ཆད་པར་དྭངས་གཙང་དུ་གཏོང་ཐུབ་པ་དང་། ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་རླབས་ཆེའི་སྤྱི་ཚོགས་གསར་བརྗེ་བྱེད་རིང་ངོ་མཚར་གསར་པ་དེ་བས་ཆེ་བ་གཏོད་པར་སྐུལ་འདེད་གཏོང་ཐུབ་ངེས་རེད།

(ཚེ་སྒྲོལ་དང་། གནམ་ཕྱུག་རྒྱལ། དབང་སྒྲོན་སྐྱིད་བཅས་ཀྱིས་སྒྱུར་ཞུས་བྱས)