《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月13日

རྒྱལ་ཁབ་གསར་སྤེལ་དངུལ་ཁང་གི་དེ་སྔའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཏུང་ཧྲི་ཀྲང་ཧུའུ་ཧོའེ་པང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་གི་སྐྱིད་སྡུག་ནས་ཕུད་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད་ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གི་དེ་སྔའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཏུང་ཧྲི་ཀྲང་ཧུའུ་ཧོའེ་པང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་གནད་དོན་ལ་གྱོད་དོན་ཐོ་བཀོད་ཀྱིས་ཞིབ་དཔྱད་བྱས་པ་རེད།

བརྟག་དཔྱད་བྱས་པ་བརྒྱུད་ཧུའུ་ཧོའེ་པང་གི་ཕུགས་བསམ་དད་སེམས་མེད་པ་དང་། “འདུ་ཤེས་བཞི”ཉམས་པ། ཐོག་མའི་བསམ་འདུན་ལས་འགལ་བ། འགན་འཁྲི་འདོར་བ་བཅས་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་མངོན་སྲུང་ལྐོག་འགལ་བྱས་པ་དང་། ཀྲུང་དབྱང་གི་སྐོར་གཟིགས་དག་ཐེར་བླང་བྱ་དོན་དུ་མ་འཁྱོལ་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་ལག་ལེན་དུ་མ་འཁྱོལ་བ། རྩ་འཛུགས་ཀྱི་ཞིབ་བཤེར་ལ་འགྲན་རྒོལ་བཅས་བྱས་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བ། སྒྲིག་ལམ་ལས་འགལ་ནས་མི་སྒེར་གྱིས་གཉེར་བའི་འདུ་གནས་སུ་བསྐྱོད་པ། གཏན་འབེབས་ལྟར་མི་སྒེར་གྱི་འབྲེལ་ཡོད་དོན་དག་སྙན་སེང་མ་ཞུས་པ། ལས་གནས་ཀྱི་སྟབས་བདེ་སྤྱད་དེ་ལས་བྱེད་པ་བསྐོ་སྤྱོད་བྱས་པ། སྒྲིག་ལམ་ལས་འགལ་ནས་མི་གཞན་ལ་ཕན་པ་བསྐྲུན་པ་སོགས་བྱས་ཡོད་པ་རེད།

《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》སོགས་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ནས། ཀྲུང་དབྱང་སྒྲིག་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་མ་ཟད། ཀྲུང་གུང་ཀྲུང་དབྱང་ལ་ཆོག་མཆན་སྤྲོད་རྒྱུར་སྙན་ཞུ་ཕུལ་ནས་ཧུའུ་ཧོའེ་པང་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུའི་གཏན་འབེབས་བྱས་པ་དང་། གཏན་འབེབས་བཞིན་དེས་ལོངས་སྤྱོད་བྱེད་པའི་ཐོབ་ཐང་མེད་པར་བཟོས་པ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མིའི་ཐོབ་ཐང་མེད་པར་བཟོས་པ། སྒྲིག་འགལ་ཁྲིམས་འགལ་ལས་ཐོབ་པའི་དངུལ་དངོས་གཞུང་བཞེས་བཏང་བ། ཉེས་གསོག་དང་འབྲེལ་བ་ཡོད་པའི་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་དང་ཞུ་གཏུག་བྱ་རྒྱུར་རྩིས་སྤྲད་པ་དང་། འབྲེལ་ཡོད་རྒྱུ་དངོས་གྱོད་གཞི་དང་མཉམ་དུ་རྩིས་སྤྲད་པ་རེད།