《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月13日

ལིའུ་ཧོས་པེ་ཅིང་དུ་2020ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་གི་ལས་དོན་ལ་ཞིབ་བཤེར་གནང་སྐབས།

ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་ལོར་ཕ་ཡུལ་དུ་ལོག་པའི་ལམ་དེ་བས་དྲོ་སྐྱིད་དང་བདེ་འཇགས་ཡོང་དགོས་པའི་ནན་བཤད་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཧོས་ཚེས་11ཉིན་གྱི་སྔ་དྲོར། པེ་ཅིང་དུ་དཔྱིད་གསར་སྐྱེལ་འདྲེན་ལས་དོན་ལ་ཞིབ་བཤེར་གནང་སྐབས། དཔྱིད་གསར་སྐྱེལ་འདྲེན་གྱི་ལས་དོན་ནི་མི་དམངས་མང་ཚོགས་དུང་ཕྱུར་མང་པོའི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པས། ཆབ་སྲིད་ཀྱི་ལས་འགན་དང་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་རེད་ལ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་འགྲིམ་འགྲུལ་སྐྱེལ་འདྲེན་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་བརྟག་བཤེར་བྱེད་པའི་ལོ་འཁོར་གྱི“རྒྱུགས་ཆེན”ཞིག་ཀྱང་རེད། རིམ་ཁག་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་དང་སྐྱེལ་འདྲེན་ཁེ་ལས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་བླང་བྱར་གཞིགས་ནས་བདེ་འཇགས་ཀྱི་རྨང་གཞི་བརྟན་དུ་གཏོང་བ། སྐྱེལ་འདྲེན་ནུས་ཤུགས་འགན་ལེན་ལ་ཤུགས་སྣོན། ཞབས་ཞུའི་ཐབས་ལམ་ལེགས་སུ་གཏོང་བ་བཅས་བྱས་ཏེ། དུས་བདེ་དང་། སྟབས་བདེ། དྲོ་སྐྱིད། ཡིད་རྟོན། ལྗང་མདོག་བཅས་ཀྱི་དཔྱིད་གསར་སྐྱེལ་འདྲེན་གྱི་རྣམ་པ་ཞིག་ཆགས་པར་བྱས་ནས་ཡུལ་སྐོར་བའི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་ཏན་ཏིག་གཏོང་དགོས་པའི་ནན་བཤད་གནང་བ་རེད།

ལིའུ་ཧོས་སྐྱེལ་འདྲེན་བྱེད་སྟངས་མི་འདྲ་བའི་སྐྱེལ་འདྲེན་བྱེད་ཤུགས་དང་། དུས་ཚོད། ཆ་འཕྲིན་བཅས་མཐུན་སྦྱོར་འབྲེལ་མཐུད་ཀྱི་ལས་དོན་ཡག་པོ་བསྒྲུབས་ཚེ། འགྲུལ་པ་འགྲོ་སྐྱོད་ཀྱི་ལས་ཕྱོད་ཆེ་རུ་གཏོང་བར་ཧ་ཅང་གལ་འགངས་ཆེན་པོ་ཡོད། སྤྱི་བདེ་དང་། ལྕགས་ལམ། གྲོང་ཁྱེར་འགྲིམ་འགྲུལ་སོགས་འབྲེལ་ཡོད་སྡེ་ཚན་གྱིས་བདེ་འཇགས་འགན་ལེན་དང་འགྲུལ་པར་སྟབས་བདེ་སྐྲུན་པའི་ཟུར་ཚད་ནས་ལྕགས་ལམ་དང་འཁོར་ལམ་འགྲིམ་འགྲུལ་བདེ་བཤེར་ཚད་གཞི་གཅིག་གྱུར་དང་བརྒྱུད་རིམ་ལེགས་སུ་གཏོང་བར་སྐུལ་འདེད་བཏང་སྟེ་འགྲུལ་པར་སྟབས་བདེ་སྐྲུན་ཤུགས་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།

ལིའུ་ཧོས་འདི་ལོའི་དཔྱིད་གསར་དུས་ཆེན་སྔ་ཙམ་འཆར་བས། དུས་ཆེན་གོང་ལས་མི་དང་། གཉེན་ཉེ་ཐུག་འཕྲད། སློབ་མ། ཡུལ་སྐོར་སོགས་ཀྱི་འགྲུལ་པ་འགྲོ་སྐྱོད་བྱེད་ཚད་ཧ་ཅང་མང་པོ་ཡོད། དེར་བརྟེན་དཔྱིད་གསར་སྐྱེལ་འདྲེན་འགན་ལེན་དང་། བདེ་འཇགས་ལྟ་འདོམས། ཞབས་ཞུའི་སྤུས་ཚད་བཅས་ལ་བླང་བྱ་དེ་བས་མཐོ་བ་བཏོན་ཡོད། རིམ་ཁག་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱས་ནས་དཔྱིད་གསར་སྐྱེལ་འདྲེན་གྱི་ལས་དོན་ཁག་ཡག་པོ་སྒྲུབ་དགོས། ནུས་ཤུགས་ཡོད་རྒུས་བདེ་འཇགས་འགན་ལེན་བྱས་ནས་བདེ་འཇགས་ཀྱི་འགན་འཁྲི་ནན་དུ་གཏོང་བ་དང་། བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་ལ་གྲལ་བཤེར། ལས་འཛོལ་ཐོན་བཟོ་ཡོད་དུས་ནས་སེལ་བ་བཅས་བྱས་ཏེ་འགྲུལ་པའི་འགྲོ་སྐྱོད་སྔར་བས་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས། ཐབས་བརྒྱ་ཇུས་སྟོང་ངང་སྐྱེལ་འདྲེན་གྱི་འཇོན་ཐང་ཆེ་རུ་བཏང་སྟེ་ཚན་རིག་དང་མཐུན་པའི་སྒོ་ནས་སྐྱེལ་འདྲེན་གྱི་འཆར་གཞི་བཟོ་བ་དང་། སྐྱེལ་འདྲེན་གྱི་ཐོན་ཁུངས་ལ་སྤྱི་འདོམས། སྐྱེལ་འདྲེན་བྱེད་སྟངས་མི་འདྲ་བ་ཕན་ཚུན་འབྲེལ་མཐུད་ལ་ཤུགས་སྣོན། “དང་ཐོག་དང་མཐའ་མའི་འགག་གནད”ཐག་གཅོད་བཅས་བྱས་ནས་འགྲུལ་པའི་འགྲོ་སྐྱོད་ལ་སྔར་བས་སྟབས་བདེ་སྐྲུན་དགོས། བྱ་ཐབས་སྣ་མང་མཉམ་དུ་སྤྱད་ནས་ཞབས་འདེགས་ཞུ་ནུས་ཆེ་རུ་བཏང་སྟེ། སྤ་སེ་ཚོང་བ་དང་ཞིབ་བཤེར་བྱེད་པ་དང་། འབབ་ཐང་དང་འབབ་ཚུགས་ཀྱི་དོ་དམ། གཏན་འཁེལ་ཞབས་ཞུ་སོགས་ཀྱི་ཁྱབ་ཁོངས་སུ་སྔོན་ཐོན་ལག་རྩལ་ཧུར་ཐག་སྤྱོད་པ་དང་། ཞབས་ཞུའི་རྣམ་པ་ལེགས་སུ་གཏོང་བ། ཡ་རབས་ལྡན་པའི་སྒོ་ནས་ལྗང་མདོག་འགྲུལ་བཞུད་ལ་ཁྲིད་སྟོན་བཅས་བྱས་ཏེ་འགྲུལ་པའི་འགྲོ་སྐྱོད་དེ་བས་བློ་ཡིད་ཚིམ་པའི་ནན་བཤད་གནང་བ་རེད།

(སྒྱུར་ཞུས་པ་པ་ཕན་དང་རིག་རྡོར)