《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月13日

རྒྱལ་ཁབ་ལ་དྲིན་འཇལ་བའི་འདུན་པ་བཅངས་ཏེ་གསར་གཏོད་ཀྱི་ཡང་རྩེར་ཧུར་ཐག་འཛེག་པ།

—— རྒྱལ་ཁབ་ཚན་རྩལ་བྱ་དགའི་ཚོགས་ཆེན་ལ་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ།

ཚེས་10ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་ནས་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་མཐོ་ཤོས་དང་། རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་བྱ་དགའ། རྒྱལ་ཁབ་ཀྱི་ལག་རྩལ་གསར་གཏོད་བྱ་དགའ། རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ཚན་རིག་ལག་རྩལ་མཉམ་ལས་བྱ་དགའ་བཅས་སྤྲད་པ་ལས་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ་རེད། ཚན་རྩལ་ལས་དོན་པ་ཚོས་བྱ་དགའ་ཐོབ་མཁན་མིག་དཔེར་འཛིན་ཏེ། བློ་ཁོག་ཆེན་པོས་གསར་གཏོད་བྱས་ནས་རང་སོ་སོའི་ཁྱབ་ཁོངས་སུ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་བརྗོད་པ་རེད།

2019ལོའི་ལོ་འཁོར་གྱི་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་མཐོ་ཤོས་ཐོབ་མཁན་དེ་དག་ནི། ལོ་30རིང་སྐད་གྲགས་མེད་པའི་སྒོ་ནས་རང་རྒྱལ་གྱི་ཉིང་རྡུལ་ནུས་སྤྱོད་ཆུ་འཛུལ་དམག་གྲུའི་བྱ་གཞག་གསར་གཏོད་བྱེད་མཁན་དེ་སྔའི་ཀྲུང་གོ་གྲུ་གཟིངས་ལྕི་བའི་བཟོ་ལས་ཚོགས་པ་ཀུང་སིའི་ཞིབ་འཇུག་ཁང་ཨང་བདུན་གཅིག་དགུའི་ཡོན་ཧྲི་ཧོང་ཞུས་ཧྭ་དང་། ཐོག་མཐའ་བར་གསུམ་དུ“རྒྱལ་ཁབ་ཀྱི་དགོས་མཁོ”རང་ཉིད་ཀྱི་འགན་འཁྲིར་བརྩི་བའི་ཀྲུང་གོ་ཚན་རིག་ཁང་གི་རླུང་ཁམས་ཆེ་མོའི་དངོས་ཁམས་ཞིབ་འཇུག་སུའོ་ཡི་ཡོན་ཧྲི་ཙེང་ཆིང་ཚུན་ཡིན་པ་རེད།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བྱ་དགའ་གནང་བ་ལས་མི་སེམས་ལ་སྐུལ་ལྕག་ཟབ་མོ་ཐེབས་ཤིང་། ཚན་རྩལ་ལས་དོན་པ་མི་རབས་རྒན་གྲས་ཚོའི་དམངས་ཆེད་ཀྱི་ཐོག་མའི་བསམ་འདུན་དང་བརྩེ་སེམས་ལས་ང་ཚོར་སེམས་འགུལ་ཐེབས་པ་མ་ཟད། སློབ་སྦྱོང་ཡང་བྱེད་རིན་ཆེན་པོ་ཡོད། ང་ཚོས་གྱད་མིའི་ཕྲག་སྟེང་དུ་ལངས་ནས་མུ་མཐུད་མདུན་སྐྱོད་བྱེད་དགོས”ཞེས་ཀྲུང་གོ་གྲུ་གཟིངས་ཚོགས་པ་ཚད་ཡོད་ཀུང་སི་ཞིབ་འཇུག་ཁང་ཨང་བདུན་གཅིག་དགུའི་སུའོ་ཀྲང་གཞོན་པ་ལིའུ་ཆན་གྱིས་བརྗོད་པ་དང་། ཁོང་གིས་ཚན་རྩལ་གསར་གཏོད་ཀྱི་ལམ་བུ་རྫོགས་མཐའ་མེད་པས་ཚན་ཞིབ་ལས་དོན་པས་རྒྱལ་གཅེས་བརྩེ་བ་དང་། རྒྱལ་ཁབ་ལ་དྲིན་འཇལ་བའི་འདུན་པ་བཅངས་ཏེ། དཀའ་སྤྱད་འབད་འཐབ་ཀྱིས་ཡང་རྩེར་འཛེག་དགོས་ཞེས་བརྗོད་པ་རེད།

རྨང་གཞིའི་ཞིབ་འཇུག་ནི་ཚན་རྩལ་གསར་གཏོད་ཀྱི་རྩ་བ་ཡིན་པ་དེས་རྒྱལ་ཁབ་ཀྱི་ཚན་རྩལ་གསར་གཏོད་ཀྱི་གཏིང་ཟབ་ཚད་དང་རྒྱ་ཆེ་ཚད་ཐག་གཅོད་བྱེད་པ་དང་། ད་ཐེངས་ཀྱི་ཚན་རྩལ་བྱ་དགའི་ཚོགས་ཆེན་ཐོག ནན་ཁའེ་སློབ་ཆེན་རྫས་འགྱུར་རིག་པ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཀྲུའུ་ཆི་ལིན་དང་ཁོང་གི་དཔུང་ཁག་ལ་རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་བྱ་དགའ་རིམ་པ་དང་པོ་ཐོབ་ནས། དེ་སྔ་ཐེངས་དགུ་སྟོང་པར་ལུས་པའི་རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་བྱ་དགའ་རིམ་པ་དང་པོ་ད་ཆ་ལོ་བདུན་བསྟུད་མར་ཐོན་པ་དང་། ཚོགས་ཆེན་ཐོག་ད་དུང་རྒྱལ་ཁབ་ཀྱིས་རང་བྱུང་ཚན་རིག་བྱ་དགའ་རིམ་པ་གཉིས་པ་ཁག་45སྤྲད་པ་རེད། ཚན་རྩལ་ནི་རྒྱལ་ཁབ་ཀྱི་གལ་ཆེའི་མཚོན་ཆ་ལྟ་བུ་ཡིན་ཞིང་། དེར་བརྟེན་ནས་རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་། ཁེ་ལས་ལ་རྒྱལ་ཁ་ཐོབ་པ། མི་དམངས་ཀྱི་འཚོ་བ་ཡག་ཏུ་འགྲོ་བ་བཅས་བྱུང་ཡོད།

འདི་ལོའི་བྱ་དགའ་ཐོབ་པའི་གྲུབ་འབྲས་ཁྲོད། གློག་འདྲེན་ཕྱེད་རྫས་ཀྱི་འོད་འགྱེད་འགག་རྩའི་ལག་རྩལ་དང་། ཆུའི་སྦགས་བཙོག་འགོག་བཅོས། ས་རྒྱུ་སླར་གསོ་སོགས་ཁྱབ་ཁོངས་ཀྱི་གསར་གཏོད་གྲུབ་འབྲས་ལས་མང་པོ་ཞིག་ལ་བཀྲག་མདངས་འཚེར་བཞིན་ཡོད།

ཧྭ་ནན་ཞིང་ལས་སློབ་ཆེན་གྱི་སློབ་སྤྱི་ལིའུ་ཡ་ཧུང་གིས་དཔུང་ཁག་གི་སྣེ་ཁྲིད་དེ་ལེགས་སྒྲུབ་བྱས་པའི“སྲོག་ཆགས་ཀྱི་ཆེད་སྤྱོད་སྲིན་འགོག་མ་བཅོས་རྒྱུ་ཆའི་སྨན་རྫས་གསར་པ་དང་། དེ་བཞིན་སྨན་སྦྱོར་གསར་བཟོ་དང་ཉེར་སྤྱོད”རྣམ་གྲངས་ལ་འདི་ལོའི་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ་རིམ་པ་གཉིས་པ་ཐོབ་པ་དང་། གྲུབ་འབྲས་དེས་རང་རྒྱལ་གྱི་ཕྱུགས་སྨན་ཐོན་ལས་གསར་གཏོད་ནུས་པ་དང་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ཆེ་རུ་བཏང་ཐོག གསོ་སྤེལ་ལས་རིགས་རྒྱུན་བསྲིང་འཕེལ་རྒྱས་འགྲོ་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

ལིའུ་ཡ་ཧུང་གིས“ཞིང་ལས་ནི་རྒྱལ་ཇུས་དམངས་འཚོ་དང་འབྲེལ་བ་ཡོད་པ་དང་། ཞིང་ལས་ཐོན་ཟོག་གི་སྤུས་ཚད་བདེ་འཇགས་དང་མཁོ་སྤྲོད་སྤུས་ཚད་ཚང་མ་མི་སེར་གྱིས་དོ་ཁུར་ཆེ་ཤོས་བྱེད་པ་ཞིག་རེད”ཅེས་བཤད་པ་དང་། ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚན་རྩལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་ཚན་རྩལ་ལས་དོན་པར་ཐུགས་ཁུར་གནང་གི་ཡོད། ཞིང་ལས་ཚན་རྩལ་ལས་དོན་པ་ཞིག་ཡིན་པས་འགན་འཁྲི་ཁུར་སེམས་ཞིག་ཡོད་དགོས། རང་བརྟེན་གསར་གཏོད་བྱེད་པ་བརྒྱུད་མི་སེར་གྱི་སྤུས་ཚད་མཐོ་བའི་འཚོ་བའི་དགོས་མཁོ་བསྐངས་ཐོག ལག་རྩལ་དེ་བས་མང་ཚོགས་དང་ཉེ་བཅར་བྱེད་པ་དང་གསར་གཏོད་ལ་བརྟེན་ནས་མི་དམངས་ལ་ཕན་བདེ་སྐྲུན་དགོས།

2019ལོའི་ལོ་འཁོར་གྱི་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་ཐོབ་ཚུལ་ལས། ཁེ་ལས་ཀྱི་ཚན་ཞིབ་གྲུབ་འབྲས་བྱ་དགའ་ལོ་རེ་བཞིན་མང་དུ་འགྲོ་བ་དང་ཁེ་ལས་ཀྱིས་ཉིན་བཞིན་གསར་གཏོད་ཀྱི་བྱེད་པོའི་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད་པ་མངོན་ཡོད།

ལག་རྩལ་གསར་གཏོད་ནི་ཁེ་ལས་ཀྱི་སྲོག་རྩ་ཡིན་ཞིང་། ཁེ་ལས་དེ་བས་མང་བས་ཞིབ་སྤེལ་ལ་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་ནས། ཚན་རྩལ་གསར་གཏོད་བྱས་ཏེ་ལྟེ་བའི་འགྲན་རྩོད་ནུས་པ་ལྡན་པའི་ཐོན་རྫས་ཐོན་སྐྱེད་བྱས་ཚེ་གཞི་ནས་འགྲན་རྩོད་དྲག་པོའི་ཁྲོད་ཕམ་མི་སྲིད་པའི་ངོས་འཛིན་ཐུབ་ཡོད།

(བསོད་བདེ་དང་ཚེ་ཁོས་སྒྱུར་ཞུས་བྱས)