《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月13日

སྔོན་ཆད་ཀྱི་དབུལ་པོ་ད་ཆ་ཕྱུག་འགྱུར་ སྣེ་ཁྲིད་པར་གྱུར་པ།

བོད་ལྗོངས་ལྷ་རྩེ་རྫོང་བང་མདའ་གྲོང་ཚོའི་ལག་ཤེས་པ་རྡོ་ཆུང་གི་སྐོར་བཀོད་པ།

རྡོ་ཆུང་ནི་ལྷ་རྩེ་རྫོང་བཀྲ་ཤིས་སྒང་ཤང་བང་མདའ་གྲོང་ཚོའི་གྲོང་མི་ཞིག་ཡིན་པ་དང་། དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་བུའི་ཐོག་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་འཇོན་ཐང་ཅན་དང་ཕྱུག་འགྱུར་སྣེ་ཁྲིད་པ་ཞིག་རེད།

2013ལོའི་གོང་ལོ་40ལྷག་ཙམ་ལ་སོན་པའི་རྡོ་ཆུང་གི་འཚོ་བ་ཧ་ཅང་སྐྱོ་པོ་ཡོད་ཅིང་། སྲིད་གཞུང་གི་མ་མཐའི་འཚོ་བའི་འགན་ལེན་ལ་བརྟེན་ནས་ལྟོ་གོས་འཕྱིད་ཐབས་བྱེད་ཀྱི་ཡོད། སྡོད་ཁང་མེད་པས་གྲོང་ཚོ་ཨུ་ལྷན་གྱི་རོགས་རམ་འོག གྲོང་ལྷན་རྙིང་པའི་ནང་ལོ་མང་སྡོད་མཁན་གྱི་དབུལ་པོ་དབུལ་རྐྱང་ཞིག་རེད།

རྡོ་ཆུང་གི་གནས་བབ་ལ་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་ཤང་ཏང་ཨུད་དང་སྲིད་གཞུང་གིས་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད། དེར་བརྟེན་ཁོང་གྲོང་སྡོད་ལས་དོན་རུ་ཁག་གི་གཙོ་གནད་ཁྲིད་སྟོན་བྱ་ཡུལ་དུ་གྱུར།

སྐབས་དེ་དུས་གྲོང་ཚོའི་ལས་བྱེད་པ་དང་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་ཁྱིམ་དུ་འཚམས་འདྲིར་ཡོང་ནའང་རྡོ་ཆུང་གིས་ལས་དོན་རུ་ཁག་གི་རུ་མི་དང་མཉམ་དུ་ཁ་བརྡ་བྱེད་པ་ལས་སྣང་བ་གཏན་ནས་འཇོག་གི་མེད། དུས་ཚོད་རིང་པོ་སོང་བ་དང་འཚམས་འདྲི་ཐེངས་མང་བྱས་སྟབས་རྡོ་ཆུང་གི་བསམ་བློར་རིམ་བཞིན་འགྱུར་ལྡོག་འགྲོ་འགོ་ཚུགས། རྡོ་ཆུང་གིས“སྐབས་དེ་དུས་ངའི་ལྟོ་གོས་ཀྱི་ཆ་རྐྱེན་ཧ་ཅང་ཞན་པས་ལས་བྱེད་པ་རྟག་ཏུ་ངའི་ཁྱིམ་དུ་འཚམས་འདྲིར་ཡོང་གི་ཡོད། གྲོང་པ་ཁྱིམ་མཚེས་ཀྱི་ཁྲོད་དུ་ཡང་ང་རང་ཁ་སྐྱེངས་པོ་འདུག”ཅེས་སྔར་སོང་གི་བྱ་བར་ཕྱིར་དྲན་བྱེད་བཞིན་གསར་འགོད་པར་བཤད་བྱུང་།

ཐེངས་ཤིག་བཟའ་ཟླས་ད་ཆའི་འཚོ་བར་སེམས་ཁྲལ་ཆེན་པོ་བྱེད་པ་མ་ཟད། གྲོང་ཚོའི་ལས་བྱེད་པས་ཁྲིད་སྟོན་དང་ཐབས་འདོན་ཇུས་འདོན་མང་པོ་བྱས་མཐར་རྡོ་ཆུང་ལ་གནས་བབ་སྐྱོ་པོ་དེར་འགྱུར་ལྡོག་གཏོང་བའི་འདུན་པ་དྲག་པོ་སྐྱེས། དུས་དེ་ནས་བཟུང་རྡོ་ཆུང་གིས་ཉི་མ་གང་འཁྱོལ་བྱས་ནས་མ་བསྡད་པར་ལག་ཤེས་ལ་བརྟེན་ནས་ལྟོ་གོས་འཚོལ་ཐབས་བྱས།

རྡོ་ཆུང་གིས་རང་གི་གནས་བབ་ལ་འགྱུར་ལྡོག་གཏོང་ཆེད། ལག་ཤེས་པ་གང་དུ་ཡོད་སར་ལག་ཤེས་སྦྱོང་བར་བསྐྱོད། ཤིང་བཟོ་སྦྱོང་སྐབས་ཁོང་གིས་གྲོང་པ་ཁྱིམ་མཚེས་ཀྱི་ལབ་གླེང་ལ་ཁ་ཡ་མ་བྱས་པར་ལན་བརྒྱ་ཕམ་ཡང་དཔའ་མི་ཞུམ་པའི་བློ་སྟོབས་བཅངས་ནས་ཤིང་བཟོ་སྦྱངས་པས་མཐར་དགེ་རྒན་བསྟེན་མི་དགོས་པར་ཤིང་བཟོ་མཁས་པར་གྱུར། དེ་རྗེས་རྡོ་ཆུང་གིས་ད་དུང་གཞིས་རྩེ་གྲོང་ཁྱེར་དང་དེ་བཞིན་རྫོང་དུ་བསྐྱོད་ནས་ཚ་ལ་རྒྱག་སྟངས་དང་ཚོན་གཏོང་སྟངས་སོགས་ཀྱི་ལག་རྩལ་སྦྱངས་པས། རིམ་བཞིན་ལག་རྩལ་སྣ་མང་ཤེས་པའི་ལག་ཤེས་པར་འགྱུར་བ་དང་། འཚོ་བ་ཡང་རིམ་གྱིས་ལེགས་སུ་ཕྱིན།

2015ལོའི་ཟླ་7པར་རྡོ་ཆུང་གིས་ལྷ་རྩེ་རྫོང་ཨུད་དང་རྫོང་སྲིད་གཞུང་གི་རོགས་སྐྱོར་འོག་ཞིང་ལས་ཐོན་ཟོག་ཞིང་པའི་ལས་སྣོན་ཆེད་ལས་མཉམ་ལས་ཁང་བཙུགས། 2016ལོ་ནས་བཟུང་། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཁྲོད། རྡོ་ཆུང་གིས་ཏང་གི་བཀའ་དྲིན་མ་བརྗེད་པར་རང་འགུལ་ངང་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ནང་ཞུགས་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་མཉམ་ལས་ཁང་ནང་ལས་ཞུགས་དང་ལག་རྩལ་བསླབས་པས་སྔ་རྗེས་སུ་མི་5ལག་རྩལ་མཐར་ཕྱིན་པ་བྱུང་ཡོད།

ད་ཆ་མཉམ་ལས་ཁང་དེར་ཐོག་མའི་དུད་ཚང་10ནས་དུད་ཚང་40ལྷག་ཙམ་བར་མང་དུ་ཕྱིན་པ་ལས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་17ཡོད་པ་ཚང་མ་དབུལ་སྒྲོལ་ཐུབ་པ་མ་ཟད། མཉམ་ལས་ཁང་ལའང་ལོར་ཡོང་འབབ་སྒོར་ཁྲི་40ལྷག་ཙམ་བྱུང་ཡོད།

“ང་འཚོ་བ་སྐྱིད་པོ་འདི་འདྲ་སྐྱེལ་རྒྱུ་བྱུང་བ་ཚང་མ་ཏང་གི་བཀའ་དྲིན་ཡིན། ང་ཚོས་ཏང་གི་ཡང་དག་པའི་སྲིད་ཇུས་འོག་རང་གི་ལག་གཉིས་ལ་བརྟེན་ནས་འཚོ་བ་སྐྱིད་པོ་ཞིག་སྐྱེལ་ཐུབ་པ་བྱ་རྒྱུ་ཡིན”ཞེས་རྡོ་ཆུང་གིས་བཤད།

(པ་ཕན་གྱིས་བསྒྱུར། རིག་རྡོར་དང་པ་ཕན་གྱིས་ཞུས)