《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月12日

ཅང་ཤིས་ཀྱིས་སློབ་གྲྭ་འབྲིང་ཆུང་དུ་དགུན་ཁའི་གུང་གསེང་རིང་སྒྲིག་འགལ་ངང་གསབ་ཁྲིད་བྱ་རྒྱུ་གཏན་འགོག་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་ནན་ཁྲང་ནས་གློག་འཕྲིན་འབྱོར་གསལ། དགུན་ཁའི་གུང་གསེང་འཇོག་ལ་ཉེ་བའི་མཚམས་སུ་ཅང་ཤིས་ཞིང་ཆེན་སློབ་གསོ་ཐིང་གིས་ཉིན་ཤས་གོང་བརྡ་ཐོ་བཀྲམ་པ་དང་། བརྡ་ཐོའི་ནང་དགུན་ཁའི་གུང་གསེང་རིང་སྒྲིག་འགལ་གསབ་ཁྲིད་བྱ་རྒྱུ་གཏན་འགོག་བྱེད་པར་ཆེད་དོན་བཀོད་སྒྲིག་བྱས་ཏེ། སྒྲིག་འགལ་གསབ་ཁྲིད་གཏན་འགོག་བྱེད་པའི་དམ་བསྒྲགས་རྣམ་པ་མུ་མཐུད་རྒྱུན་འཁྱོངས་བྱེད་དགོས་ཞེས་འཁོད་ཡོད།

ཅང་ཤིས་ཞིང་ཆེན་སློབ་གསོ་ཐིང་གིས་བཀྲམ་པའི《སློབ་གྲྭ་འབྲིང་ཆུང་གིས་དགུན་ཁའི་གུང་གསེང་རིང་སྒྲིག་འགལ་ངང་གསབ་ཁྲིད་བྱ་རྒྱུ་གཏན་འགོག་བྱ་རྒྱུའི་སྐོར་གྱི་བརྡ་ཐོའི》ནང་ཁ་གསལ་བཏོན་དོན། དགུན་ཁའི་གུང་གསེང་རིང་མཐོ་འབྲིང་ལོ་རིམ་གསུམ་པས་བདེ་འཇགས་འགན་ལེན་དང་རང་མོས་དང་སློབ་ཡོན་མི་བསྡུ་བ་མཐའ་འཁྱོངས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་དགོས་མཁོར་གཞིགས་ནས་འོས་འཚམ་ངང་སློབ་ཁྲིད་བྱེད་པ་ཕུད། ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གིས་དགུན་ཁའི་གུང་གསེང་རིང་ངེས་པར་དུ“མི་རུང་བ་གསུམ”དང“གཏན་འགོག་གསུམ”གྱི་ལས་དོན་སྒྲུབ་དགོས་པ་སྟེ། སློབ་མ་སྒྲིག་འཛུགས་བྱས་ནས་མཉམ་སྡེབ་གསབ་ཁྲིད་དམ་ཡང་ན་སློབ་ཚན་གསར་པ་གཏན་ནས་འཁྲིད་མི་རུང་བ་དང་། རིག་ཚན་གསོ་སྦྱོང་འཛིན་གྲྭ་དང་། ཁྱད་ཆོས་འཛིན་གྲྭ དགའ་མོས་འཛིན་གྲྭ ཡར་རྒྱས་འཛིན་གྲྭ་སོགས་གཏན་ནས་གཉེར་མི་རུང་བ། སློབ་གྲྭ་དང་སློབ་གྲྭའི་ཉལ་ཁང་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིར་ཁང་གླར་གཡར་བའམ་ཡང་ན་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞི་དང་མཉམ་ལས་བྱས་ནས་གསོ་སྦྱོང་འཛིན་གྲྭ་སྣ་ཚོགས་གཏན་ནས་གཉེར་མི་རུང་བ་བཅས་དང་། སློབ་གྲྭ་འབྲིང་ཆུང་གི་ལས་ཐོག་དགེ་རྒན་གྱིས་སློབ་མར་གསབ་ཁྲིད་བྱེད་པའམ་ཡང་ན་སློབ་གྲྭའི་ཕྱི་ནང་གི་སྒྲིག་འགལ་གསབ་ཁྲིད་ནང་སློབ་མ་ཞུགས་རྒྱུར་འོས་སྦྱོར་བྱེད་རྒྱུ་གཏན་འགོག་དང་། སློབ་གྲྭ་འབྲིང་ཆུང་གི་ལས་ཐོག་དགེ་རྒན་གྱིས་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིའམ་ཡང་ན་དགེ་རྒན་གཞན་དང་ཁྱིམ་བདག ཁྱིམ་བདག་ཨུ་ཡོན་སོགས་ཀྱིས་སྒྲིག་འཛུགས་བྱས་པའི་སྒྲིག་འགལ་གསབ་ཁྲིད་ལ་ཞུགས་རྒྱུ་གཏན་འགོག སློབ་གྲྭ་འབྲིང་ཆུང་གི་ལས་ཐོག་དགེ་རྒན་གྱིས་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞི་དང་མི་གཞན་ལ་སློབ་མ་ངོ་སྤྲོད་དང་འབྲེལ་ཡོད་ཆ་འཕྲིན་མཁོ་འདོན་བྱེད་རྒྱུ་གཏན་འགོག་བཅས་བྱེད་དགོས། (པ་ཕན་གྱིས་བསྒྱུར། རིག་རྡོར་པ་ཕན་གྱིས་ཞུས)