《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月10日

རྒྱ་གར་གྱི་ནོར་སྲིད་དཔལ་འབྱོར་གྱི་ལོ་འཁོར་འདིའི་དཔལ་འབྱོར་འཕར་ཚད་སྔོན་དཔག་ལྟར་ན་5%ཟིན་རྒྱུ་ཡིན་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་འབོམ་འབེལ་ནས་ཟླ་1ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན་རྒྱ་གར་ཀྲུང་དབྱང་བསྡོམས་རྩིས་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། རྒྱ་གར་གྱི་2019ནས་2020ལོ་བར་གྱི་ནོར་སྲིད་དཔལ་འབྱོར་གྱི་ལོ་འཁོར་འདིའི(2019ལོའི་ཟླ་4པ་ནས་2020ལོའི་ཟླ་3པ་བར)དཔལ་འབྱོར་འཕར་ཚད་སྔོན་དཔག་ལྟར་ན་5%ཟིན་རྒྱུ་ཡིན་པ་དེ་ནོར་སྲིད་དཔལ་འབྱོར་གྱི་ལོ་འཁོར་གོང་མའི་6.8%ལས་དམའ་བ་ཡོད་པ་དང་རྒྱ་གར་གྱི་ཀྲུང་དབྱང་དངུལ་ཁང་གི་ན་ནིང་ཟླ་12པའི་སྔོན་དཔག་རིན་ཐང་དང་གཅིག་པ་ཡིན་པ་རེད།

གྲངས་གཞི་ལས་མངོན་པར། 2019ལོའི་དུས་ཚིགས་གཉིས་པར་རྒྱ་གར་གྱི་དཔལ་འབྱོར་འཕར་ཚད་5%ཟིན་པ་དང་དུས་ཚིགས་གསུམ་པར་འཕར་ཚད་4.5%ཟིན་ཡོད། དབྱེ་ཞིབ་མི་སྣས་ན་ནིང་གི་དུས་ཚིགས་བཞི་པར་རྒྱ་གར་གྱི་དཔལ་འབྱོར་འཕར་ཚད་ཆག་པ་ལས་བསྐྱར་འཕར་བྱུང་ཡོད། འོན་ཀྱང་ཕྱི་ཕྱོགས་ཀྱི་དགོས་མཁོ་ཆུང་བ་དང་རྒྱལ་ནང་གི་མ་དངུལ་འཇོག་པའི་འདོད་འདུན་ཆེན་པོ་མེད་པས་འཕར་ཚད་བསྐྱར་འཕར་བྱུང་ཚད་སྔོན་དཔག་ལྟར་ན་ཆེན་པོ་ཡོང་མི་སྲིད་པའི་ངོས་འཛིན་བྱས་ཡོད།

རྒྱ་གར་གྱི་ནོར་སྲིད་དཔལ་འབྱོར་གྱི་ལོ་འཁོར་འདིའི་དཔལ་འབྱོར་འཕར་ཚད་ཆག་པའི་རྒྱུ་རྐྱེན་གཙོ་བོ་ནི་བཟོ་སྐྲུན་ལས་རིགས་མངོན་གསལ་དོད་པོ་ཆག་པ་དང་། སྔོན་དཔག་ལྟར་ན་ནོར་སྲིད་དཔལ་འབྱོར་གྱི་ལོ་འཁོར་འདིའི་བཟོ་སྐྲུན་ལས་རིགས་འཕར་ཚད་ནོར་སྲིད་དཔལ་འབྱོར་གྱི་ལོ་འཁོར་གོང་མའི་6.9%ནས་2%བར་ཆག་རྒྱུ་ཡིན་པ་རེད། གཞན་ཡང་ཞིང་ལས་དང་འཛུགས་སྐྲུན་ལས་རིགས་སོགས་ལས་རིགས་འཕར་ཚད་ཅུང་ཆག་པ་དེ་རེད།

ན་ནིང་ནས་བཟུང་རྒྱ་གར་གྱི་ཀྲུང་དབྱང་དངུལ་ཁང་གིས་སྐྱེད་ཀ་དམའ་རུ་ཐེངས་མང་བཏང་ནས་དཔལ་འབྱོར་ལ་སྐུལ་འདེད་བཏང་ཡོད། འོན་ཀྱང་ཕན་འབྲས་མངོན་གསལ་དོད་པོ་དེ་ཙམ་ཐོན་མེད། ཨེ་ཤེ་ཡ་གསར་སྤེལ་དངུལ་ཁང་གིས་ན་ནིང་ཟླ་12པར་སྙན་ཞུ་ཡོངས་བསྒྲགས་བྱས་ནས་རྒྱ་གར་གྱི་ནོར་སྲིད་དཔལ་འབྱོར་གྱི་ལོ་འཁོར་འདིའི་དཔལ་འབྱོར་འཕར་ཚད་སྔོན་དཔག་ལྟར་ན་6.5%ཡིན་པ་ནས་5.1%བར་དམའ་རུ་བཏང་ཡོད་པ་རེད། (བསྟན་འཛིན་བཟང་མོས་བསྒྱུར། བདེ་སྐྱིད་དང་བསྟན་བཟང་གིས་ཞུས)