《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月07日

བོད་ཀྱིས་ཐབས་མང་མཉམ་སྤྱོད་ཀྱིས་གཞོན་ནུའི་ཕུགས་འདུན་དོན་གཉེར་བྱས་ནས་བྱ་གཞག་གསར་གཏོད་བྱེད་པར་སྐུལ་འདེད་བཏང་བ།

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་1ཚེས་5ཉིན་གློག་འཕྲིན་འབྱོར་གསལ། “པིན་ཧུང་རྒུན་ཆང”དེ་སྔ་བོད་དུ་མི་མང་པོ་ཞིག་ལ་རྒྱུས་མངའ་མེད་པའི་རྐྱེན་གྱིས་སྐབས་ཤིག་རིང་བཀྲ་ཤིས་ཟླ་བའི་ཚོང་ལམ་ཡག་པོ་མེད་པར་ལས་གཏོད་ཡག་པོ་བྱུང་མེད། བཀྲ་ཤིས་ཟླ་བས་ཚོད་ལྟ་བྱེད་པའི་བསམ་བློར་བརྟེན་ནས་ཚོགས་པའི་སྣེ་ཁྲིད་དེ་བོད་ལྗོངས་གཞོན་ནུའི་གསར་གཏོད་ལས་གཏོད་འགྲན་བསྡུར་ཆེ་མོ་སྐབས་གཉིས་པར་ཞུགས་པ་ལས་བྱ་དགའ་ཨང་དང་པོ་ཐོབ་པ་དང་དུས་མཚུངས“པིན་ཧུང་རྒུན་ཆང”ཡང་དམངས་ཚོགས་དེ་བས་མང་བར་རྒྱུས་མངའ་བྱུང་ཡོད།

“ང་ཚོའི་ཆང་བཟོ་གྲྭའི་ཆང་གི་སྣ་ཁ་མང་དུ་ཕྱིན་པ་མ་ཟད་ཐོན་འབབ་ཀྱང་མང་དུ་ཕྱིན་ཡོད”ལོ་གཉིས་རིང་གི་འཕེལ་རྒྱས་བརྒྱུད། བཀྲ་ཤིས་ཟླ་བའི་ཆང་བཟོ་གྲྭའི་ཐོན་རྫས་ཀྱི་སྣ་ག་དེ་སྔའི་ཁག་4ནས་ཁག་8བར་མང་དུ་ཕྱིན་པ་དང་། ཐོན་འབབ་ཀྱང་ཏུན་30ཡས་མས་ནས་ཏུན་100ཡན་བར་འཕར་ཡོད།

བོད་ལྗོངས་གཞོན་ནུའི་གསར་གཏོད་ལས་གཏོད་འགྲན་བསྡུར་ཆེ་མོ་ལས་བྱམས་པ་འཕྲིན་ལས་ཀྱི་ལས་དབང་ལའང་འགྱུར་ལྡོག་བྱུང་ཡོད་པ་སྟེ། བྱ་དགའི་དངུལ་གྱ་ནོམ་པ་ཐོབ་པས་བྱམས་པ་འཕྲིན་ལས་ཀྱི་ཚོགས་པའི་མ་དངུལ་དཀོན་པའི་དཀའ་གནད་བསལ་བ་རེད། ལས་བྲལ་ལས་གཏོད་ཀྱི་སྲིད་ཇུས་ཀྱིས་དེ་སྔ་བུ་བཅོལ་ཁང་གི་དགེ་རྒན་ཡིན་པའི་བྱམས་པ་འཕྲིན་ལས་ལ“གལ་སྲིད་ཕམ་ཉེས་བྱུང་ན་ཇི་ལྟར་བྱེད་སྙམ་པའི”སེམས་ཁྲལ་བསལ་ཡོད།

2019ལོར་བྱམས་པ་འཕྲིན་ལས་ཀྱིས་ཞིབ་འཇུག་བྱས་ནས་བཟོས་པའི་ཁེ་བེད་བདག་ཐོབ་ཀྱི་ཐོན་རྫས་ལྔ་ཆིག་སྒྲིལ་གྱི་རོལ་རྩེད་ཡོ་ཆས་བོད་ཀྱི་བུ་བཅོལ་ཁང་མང་པོར་བཏོན་པ་དང་། ཀུང་སིའི་ལོའི་ཕྱིར་ཚོང་དངུལ་འབོར་ཡང་ལྡབ་ཀྱིས་མང་དུ་ཕྱིན་ཏེ་2019ལོར་སྒོར་ཁྲི་300ལྷག་ཙམ་ཟིན་ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཀྱིས་སྒོར་དུང་ཕྱུར་20ཟིན་པའི་ལས་གཏོད་ལས་ཞུགས་ཀྱི་རྒྱབ་སྐྱོར་ཐེབས་རྩ་བཙུགས་པ་དང་། ས་ཁུལ་ཁག་གིས་གཞོན་ནུའི་གསར་གཏོད་ལས་གཏོད་ཀྱི་འགྲན་བསྡུར་ཆེ་མོ་གཉེར་བར་ལྕག་སྐུལ་བྱེད་པ། གསར་གཏོད་ལས་གཏོད་ཞབས་ཞུའི་ལྟེ་གནས་བཙུགས་པ། ལས་གཏོད་ཁག་ཐེག་དངུལ་བུན་རེ་ཞུའི་གྲངས་འབོར་མང་དུ་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད། མཐོ་སློབ་སློབ་ཐོན་སློབ་མ་དེ་བས་མང་བ་གསར་གཏོད་ལས་གཏོད་ལ་ཞུགས་པའི་ཡིད་དབང་བཀུག་ཡོད།

གྲངས་གཞི་ལས་མངོན་གསལ། མིག་སྔའི་བར། བོད་ལྗོངས་ཀྱིས་ཀུན་གཏོད་བར་མཐོངས་དང་། ཚན་རྩལ་ཁེ་ལས་གསོ་སྐྱོང་ཡོ་ཆས། ཤང་དང་གྲོང་རྡལ་གྱི་གསར་གཏོད་ལས་རིགས་རྟེན་གཞི་སོགས“གཉིས་གཏོད”ཀྱི་གཞི་རྟེན་138བསྐྲུན་ཡོད། དེའི་ནང་རྒྱལ་ཁབ་དང་རང་སྐྱོང་ལྗོངས་རིམ་པའི“གཉིས་གཏོད”གཞི་རྟེན་42དང“གཉིས་གཏོད”གཞི་རྟེན་སྐྱོང་བའི་ཁེ་ལས་2143ཡོད་པ་རེད།

བོད་ལྗོངས་གཞོན་ནུའི་གསར་གཏོད་ལས་གཏོད་ལ་སྔར་བས་རྒྱབ་སྐྱོར་བྱེད་ཆེད། 2019ལོར་བོད་ལྗོངས་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་དུས་ཡུན་རིང་འབྲིང་གི་གཞོན་ནུའི་འཕེལ་རྒྱས་ཀྱི་འཆར་འགོད(2018-2020ལོ)》བཏོན་ནས་གཞོན་ནུའི་འཕེལ་རྒྱས་ཐད་སྲིད་ཇུས་ཀྱི་འགན་ལེན་བྱས་ཡོད་པ་རེད།

(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། དམ་ཆོས་མི་ཕམ་གྱིས་ཞུས)