《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月07日

མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་ཐོག་མ་ཟི་ལིང་དུ་འཛུགས་རྒྱུ་ཡིན་པ།

ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་1ཚེས་3ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཚེས་3ཉིན་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་ནས་ཤེས་རྟོགས་བྱས་པ་ལྟར་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་ཆར་ཟི་ལིང་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་འཛུགས་པར་དངོས་སུ་མཆན་བཀོད་བཀའ་ལན་གནང་བ་ལས། མཚོ་བོད་ས་མཐོར་སྒོ་ཁྲལ་ལས་ཁུངས་ཀྱི་དམིགས་བསལ་ལྟ་འདོམས་ཁུལ་དང་ཆུ་ཚད་མཐོ་པོའི་ངང་ཕྱི་ཕྱོགས་ལ་སྒོ་མོ་དབྱེ་བའི་ལས་སྟེགས་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་མཚོན་ཡོད་པ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། ཕྱོགས་བསྡུས་ཁྲལ་སྲུང་ཁུལ་ནི་སྐམ་སའི་དབུས་ཁུལ་དུ་བཙུགས་པ་དང་གྲུ་ཁའི་ཁྲལ་སྲུང་་ནུས་པ་ལྡན་པའི་སྒོ་ཁྲལ་ལས་ཁུངས་ཀྱི་དམིགས་བསལ་ལྟ་འདོམས་ས་ཁོངས་ཤིག་དང་། ཁྲལ་སྲུང་ཁུལ་དང་། ཕྱིར་གཏོང་ལས་སྣོན་ཁུལ། ཁྲལ་སྲུང་ཟོག་འགྲེམས་ཁུལ། གྲུ་ཁ་སོགས་ཀྱི་བྱེད་ནུས་གཅིག་ཏུ་འདུས་པ་ཞིག རང་རྒྱལ་གྱི་སྒོ་དབྱེའི་རིམ་པ་མཐོ་ཤོས་དང་། གཟིགས་སྐྱོང་སྲིད་ཇུས་མང་ཤོས། བྱེད་ནུས་ཆ་ཚང་ཤོས། འགྲོ་ལུགས་སྟབས་བདེ་ཤོས་བཅས་ཀྱི་དམིགས་བསལ་སྒོ་དབྱེའི་ས་ཁུལ་ཞིག་ཡིན་པ་མ་ཟད། སྐམ་སའི་དབུས་ཁུལ་ས་ཆ་ཕྱིར་ཕྱོགས་རྣམ་པའི་དཔལ་འབྱོར་གྱི་ལས་སྟེགས་གལ་ཆེན་ཞིག་ཀྱང་རེད།

ཟི་ལིང་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་འཛུགས་ཡུལ་ནི་ཟི་ལིང་གྲོང་ཁྱེར་པེ་ཁྲོན་བཟོ་ལས་གླིང་ཁུལ་ཡིན་ལ། འཆར་འགོད་ཀྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་0.92ཙམ་དང་སྤྱིའི་བཟོ་སྐྲུན་གྱི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་5.8ཟིན་རྒྱུ་དང་། འཆར་གཞི་ལྟར་ན་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་10.8གཏོང་རྩིས་ཡོད་པ་རེད། འཆར་འགོད་ཁུལ་ཞུགས་རྣམ་གྲངས་ཐད་ནུས་རྒྱུ་གསར་པ་དང་། རྒྱུ་ཆ་གསར་པ། སྐྱེ་དངོས་སྨན་རིགས། དྲ་ཐོག་ཚོང་དོན། རུམ་འཐག་སོགས་ཀྱི་ཁྱད་ལྡན་ཐོན་ལས་དང་འབྲེལ་ཞིང་། མིག་སྔར་རིག་ནུས་གློག་ཆས་སྒྲིག་བཀོད་བཟོ་སྐྲུན་དང་། གློག་འདྲེན་ཕྱེད་རྫས་ཐཱན་འགྱུར་ཀུའེ་ཡི་རྒྱུ་ཆ། ཟངས་དབྱུག་ཞིབ་ཚགས་ལས་སྣོན་སོགས་ཀྱི་གཙོ་གནད་རྣམ་གྲངས་གཏན་ཁེལ་རགས་ཙམ་བྱུང་ཡོད་པ་རེད།

མཚོ་སྔོན་ནི་ལྷོ་ཕྱོགས་སི་ཁྲོན་དང་བོད་ལྗོངས་ལ་འབྲེལ་བ་དང་། ནུབ་ཕྱོགས་ཤིན་ཅང་དང་འབྲེལ་བ། ཤར་ཕྱོགས་ཀན་སུའུ་དང་མཚམས་འབྲེལ་ཡིན་ལ་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་དང་དར་གོས་ལམ་བུའི་དཔལ་འབྱོར་རྒྱུད་ཀྱི་བཞི་མདོ་ཁ་ཡིན་པ་དང་། ནུབ་རྒྱུད་དུ་སྒོ་མོ་ཕྱེ་བའི་འགག་གནད་གཙོ་ཆེན་ཞིག་ཡིན་ལ་བོད་ཀྱི་དཔལ་འབྱོར་འཛུགས་སྐྱོང་ལ་རོགས་སྐྱོར་དང་ཤིན་ཅང་གི་མི་རིགས་མཐུན་སྒྲིལ་བརྟན་གཏོང་ལ་འགག་རྩའི་ནུས་པ་འདོན་གྱི་ཡོད། དེ་ནི་རང་རྒྱལ་གྱི་འཐབ་ཇུས་ཐོན་ཁུངས་གསོག་འཇོག་རྟེན་གཞི་དང་། ས་མཐོའི་ཁྱད་ལྡན་ཞིང་ཞོར་ཐོན་ཟོག་རྟེན་གཞི། དེ་བཞིན་མི་རིགས་ཁྱད་ལྡན་རིག་གནས་སྲུང་སྐྱོང་གི་རྟེན་གཞི་བཅས་གལ་ཆེན་ཞིག་རེད། ཟི་ལིང་ནི་མཚོ་བོད་ས་མཐོར་མི་འབོར་ས་ཡ་ལས་བརྒལ་བའི་གྲོང་ཁྱེར་འབའ་ཞིག་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་དང་། ཤེས་ལྡན་པ། ཆ་འཕྲིན། རྒྱུ་དངོས་བཅས་ཆེས་གཅིག་སྡུད་དང་འཁྲུག་ཆ་དོད་ཤོས་ཀྱི་ས་ཁོངས་ཀྱང་རེད།

མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གི་ཐིང་ཀྲང་གཞོན་པ་ཝང་ཞུས་པིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཟི་ལིང་གི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་བཙུགས་ཚེ་མཚོ་སྔོན་གྱིས་རྒྱལ་སྤྱི་དང་རྒྱལ་ནང་གི་ཁྲོམ་ར་གཉིས་དང་ཐོན་ཁུངས་གཉིས་དང་སྦྲེལ་བའི་བྱེད་ནུས་རང་བཞིན་གྱི་ལས་སྟེགས་བཏོད་ནས་སྣོད་བཅུད་ཁོར་ཡུག་དང་། ཐོན་ཁུངས་ནུས་རྒྱུ། ལོ་རྒྱུས་རིག་གནས། དེ་བཞིན་ས་བབ་བཅས་ཀྱི་ལེགས་ཆ་བཏོན་ཏེ་སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་དང་། དེང་རབས་ཟོག་འགྲེམས་ལས་རིགས། ཉོ་ཚོང་ཞབས་འདེགས་གསར་པ་བཅས་ལ་ཁོར་ཡུག་དང་ཆ་རྐྱེན་བཟང་པོ་བསྐྲུན་རྒྱུ་དང་། ལན་ཀྲོའུ་དང་ཟི་ལིང་གྲོང་ཁྱེར་ཚོམ་བུའི་འཛུགས་སྐྲུན་ལ་སྔར་བས་ལེགས་པའི་སྒོ་ནས་སྐུལ་མ་ཐེབས་སྲིད།