《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月05日

མཚོ་སྔོན་ཞིང་ཆེན་གྱི་དབང་སྐྱོན་བྱིས་པ་3600ཡིས་སྲིད་གཞུང་གིས་མཁོ་འདོན་བྱས་པའི་རིན་མེད་དྲག་སྐྱེད་ཞབས་ཞུ་ལོངས་སུ་སྤྱད་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། མིག་སྔའི་བར་མཚོ་སྔོན་ཞིང་ཆེན་དུ་ལོ་0ནས་17བར་གྱི་ལག་ཁྱེར་ཡོད་པའི་དབང་སྐྱོན་བྱིས་པ་3600ཡིས་སྲིད་གཞུང་གིས་མཁོ་འདོན་བྱས་པའི་རིན་མེད་དྲག་སྐྱེད་ཞབས་ཞུ་ལོངས་སྤྱོད་ཐུབ་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། རོགས་སྐྱོབ་བྱ་ཡུལ་ནི་མཚོ་སྔོན་ཞིང་ཆེན་གྱི་ལོ་0ནས་17བར་གྱི་དབང་སྐྱོན་ལག་ཁྱེར་ཡོད་པའི་མིག་ཤེད་དང་། ཐོས་ནུས། སྐད་ཆ། ཡན་ལག རིག་སྟོབས་སོགས་དབང་སྐྱོན་ཡིན་པའི་བྱིས་པ་ཡིན་པ་རེད། དེའི་ནང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཁྱིམ་ཚང་དང་། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ཁྱིམ་ཚང་གི་དབང་སྐྱོན་བྱིས་པ་དང་བྱིས་པའི་ཕན་བདེའི་སྒྲིག་གཞིས་གསོ་ཉར་བྱས་པའི་དབང་སྐྱོན་བྱིས་པ་དང་། དབང་སྐྱོན་དྭ་ཕྲུག དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་བསྙེན་བཀུར་ཁྱབ་ཁོངས་སུ་བཅུག་པའི་དབང་སྐྱོན་བྱིས་པ་བཅས་དང་། དེ་བཞིན་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་དབང་སྐྱོན་བྱིས་པ་གཞན་དག་ཚུད་ཡོད།

མཚོ་སྔོན་ཞིང་ཆེན་དབང་སྐྱོན་དྲག་སྐྱེད་ཞབས་ཞུའི་ལྟེ་གནས་ཀྱི་འགན་འཁུར་བ་ཅང་ཤིང་རུང་གིས་དབང་སྐྱོན་བྱིས་པ་སྤྱི་ཚོགས་འཚོ་བའི་ནང་མཉམ་འདྲེས་དེ་བས་ལེགས་པ་ཡོང་ཆེད། དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དབང་སྐྱོན་བྱིས་པར་ཚན་རིག་དང་མཐུན་པའི་དྲག་སྐྱེད་ཞབས་ཞུ་ནུས་ལྡན་བསྒྲུབ་རྒྱུ་དང་། སླད་ཕྱིན་དབང་སྐྱོན་ལྷན་ཚོགས་ཀྱིས་དྲག་སྐྱེད་སྒྲིག་གཞི་སྔར་བས་ཚད་ལྡན་ངང་འཛུགས་སྐྱོང་བྱས་ཏེ། དྲག་སྐྱེད་ཀྱི་ཆེད་ལས་ཤེས་ལྡན་མི་སྣ་སྔར་ལས་མང་བ་གསོ་སྐྱོང་བྱ་རྒྱུ་རེད་ཅེས་བཤད།