《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月05日

བོད་ཀྱི“ཁེ་ལས་བརྒྱས་གྲོང་ཚོ་བརྒྱར་རོགས་རམ་བྱེད་པའི”བྱ་སྤྱོད་སྤེལ་ནས་མི་འབོར་དབུལ་པོ་ཁྲི་8ལྷག་ཙམ་ལ་རོགས་སྐྱོར་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་བོད་རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱས་པར། མིག་སྔའི་བར། བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི“ཁེ་ལས་བརྒྱས་གྲོང་ཚོ་བརྒྱར་རོགས་རམ་བྱེད་པའི”རྩིས་ཐོ་དོ་དམ་མ་ལག་ནང་བཅུག་པའི་དམངས་གཉེར་ཁེ་ལས་703ཟིན་ནས་གྲོང་ཚོ་དབུལ་པོ་1049ལ་ཆ་སྒྲིག་རོགས་སྐྱོར་དང་། མི་འབོར་དབུལ་པོ་82018ལ་རོགས་སྐྱོར་བྱས་ཤིང་། རྣམ་གྲངས་རོགས་སྐྱོར་ཐད་སྒོར་དུང་ཕྱུར་23.2བཏང་ཡོད།

2019ལོ་ཚུན་དུ། བོད་དུ་དབུལ་པོ་དབུལ་རྐྱང་མེད་པ་བཟོ་ཆེད། བོད་རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས“ཁེ་ལས་བརྒྱས་གྲོང་ཚོ་བརྒྱར་རོགས་རམ་བྱེད་པའི”གནད་སྨིན་དབུལ་སྐྱོར་གྱི་བྱ་སྤྱོད་སྤེལ་ཏེ། ལྗོངས་ཡོངས་ཀྱི་རྒྱ་ཆེའི་དམངས་གཉེར་ཁེ་ལས་དེའི་ནང་ཧུར་ཐག་ཞུགས་རྒྱུར་སྐུལ་སློང་བྱས་པ་དང་། བྱ་སྤྱོད་ནང་ཐོན་ལས་དབུལ་སྐྱོར་དང་། ལས་ཞུགས་དབུལ་སྐྱོར། སྤྱི་ཕན་དབུལ་སྐྱོར། རྩལ་ནུས་དབུལ་སྐྱོར་སོགས་ཀྱི་ཁྱབ་ཁོངས་མང་པོ་ཚུད་ཡོད་པ་རེད།

གཞིས་རྩེ་གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁེ་ལས་རོགས་སྐྱོར་གྱི་བྱེད་པོར་བརྩི་བ་དང་ཤིན་ཏུ་དབུལ་བའི་གྲོང་ཚོ(གྲོང་ལྷན)རོགས་སྐྱོར་བྱ་ཡུལ་དུ་བྱས་ཏེ། རྒྱལ་རྩེ་རྫོང་དང་རྣམ་གླིང་རྫོང་སོགས་གཙོ་གནད་རོགས་སྐྱོར་རྫོང(ཆུས)དུ་བརྩིས་ནས་ཆ་སྒྲིག་གྲོང་ཚོའི(གྲོང་ལྷན)ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་ཤུགས་ཆེན་བྱས་ནས་ཁེ་ལས་དང་ཞིང་དུད་ཟུང་འབྲེལ་དང་ཁེ་ལས་དང་མཉམ་ལས་ཁང་ཟུང་འབྲེལ་སོགས་ཀྱི་རྣམ་པའི་ཐོག་ནས་ཆ་སྒྲིག་རོགས་སྐྱོར་བྱས་ཡོད། མིག་སྔའི་བར་གྲོང་ཁྱེར་དེ་ཡོངས་ཀྱི་རྫོང(ཆུས)10ཡི“ཁེ་ལས་བརྒྱས་གྲོང་ཚོ་བརྒྱར་རོགས་རམ་བྱེད་པའི”བྱ་སྤྱོད་དང་། དེ་བཞིན་ཐོན་ལས་ཀྱི་ཐོབ་ཆ་བགོ་བར་ཁྱོན་མ་དངུལ་སྒོར་ཁྲི་1549.707བཏང་ནས་དུད་ཚང་1873གྱི་མི་8064ལ་རོགས་སྐྱོར་བྱས་ཡོད།

བོད་རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་ལི་ཡན་གྱིས་ངོ་སྤྲོད་བྱས་པར། བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གཙོ་གནད་དང་དཀའ་གནད་ནི་ཤིན་ཏུ་དབུལ་བའི་ས་ཁུལ་ཡིན། ཁེ་ལས་དང་གྲོང་ཚོ་དབུལ་པོའི་དབར་གྱི་འབྲེལ་ཟམ་ལྟ་བུ་ཡིན་པའི་བོད་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁེ་ལས་མི་ཉུང་བས་དབུལ་སྒྲོལ་འགག་སྒྲོལ་ལ་ལེགས་སྐྱེས་འབུལ་རྒྱུར་སྐུལ་འདེད་བཏང་ཡོད།