《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月05日

མི་ལྔ་བརྒྱ་ལྷག་གིས་མཚོ་སྔོན་གྱི་གངས་དཀར་རི་བོ་འཛེགས་ནས་2020ལོ་བསུས་པ།

ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གོ་རི་འཛེག་མཐུན་ཚོགས་དང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས། མཚོ་སྔོན་ཞིང་ཆེན་ལུས་རྩལ་སྤྱི་ཁྱབ་ལྷན་ཚོགས་བཅས་ཀྱིས་གཙོ་གཉེར་བྱས་པའི་2020ལོའི་རྒྱལ་ཡོངས་ཀྱི་ལོ་གསར་རི་འཛེག་ལུས་སྦྱོང་ཚོགས་ཆེན་མཚོ་སྔོན་ཡན་ལག་ཚོགས་རའི་བྱེད་སྒོ་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་རྒྱ་མདོ་ཧུའེ་རིགས་རང་སྐྱོང་རྫོང་དུ་སྤེལ་ཞིང་། རི་འཛེག་ལ་དགའ་པོ་བྱེད་མཁན་500ལྷག་གངས་དཀར་རི་བོའི་འདབས་སུ་འཛོམས་ཏེ་ལུས་རྩལ་ལུས་སྦྱོང་གི་རྣམ་པའི་ཐོག་ནས་ལོ་གསར་པར་བསུ་བ་ཞུས་ཡོད།

སྔ་དྲོའི་ཆུ་ཚོད་10པར་གངས་དཀར་རི་བོ་ཞོགས་པའི་ཉི་ཟེར་ཁྲོད་ལྷག་པར་མཛེས་ཤིང་། ཤིན་ཏུ་མཛེས་པའི་རང་བྱུང་མཛེས་ལྗོངས་ཁྲོད་རི་འཛེག་ལ་དགའ་པོ་བྱེད་མཁན་ཚོས་རི་གཤམ་གྱི་རྦབ་ཆུའི་འགྲམ་ནས་ཐོན་ཏེ་ས་བབ་སྨི་4350ཡི་སྒར་ས་ཆེ་མོའི་སར་འཛེགས་འགོ་ཚུགས། ལམ་ཐག་ཧྲིལ་པོར་སྤྱི་ལེ་3.64ལས་མེད་ནའང་གངས་གསོག་ཐེབས་པའི་རི་ལམ་བརླན་ལ་འདྲེད་བདར་ཤོར་བདེ་བས་ཧ་ཅང་འགྲོ་ཁག་པོ་ཡོད། ས་བབ་མཐོ་པོ་དང་གྲང་ངར་ཆེ་བའི་གནམ་གཤིས་ཀྱིས་བྱེད་སྒོར་ཞུགས་མཁན་ཚོའི་ངར་ཤུགས་དང་ཆོད་སེམས་ལ་ཚོད་བགམ་བྱས་ནའང་ཚང་མའི་རི་འཛེག་སྤྲོ་སེམས་ལ་ཤུགས་རྐྱེན་གཏན་ནས་ཐེབས་མེད། ལོ་གསར་པའི་རེ་འདུན་འཁྱེར་ཏེ་གངས་དཀར་རི་བོར་འཛེག་མཁན་500ལྷག་གིས་2020ལོར་བསུ་བ་ཞུས་ནས་ལོ་གསར་པའི་འགོ་ཡག་པོ་ཞིག་བཙུགས་པ་རེད།

རྒྱལ་ཡོངས་ཀྱི་ལོ་གསར་རི་འཛེག་ལུས་སྦྱོང་ཚོགས་ཆེན་དེ་ཀྲུང་གོ་རི་འཛེག་མཐུན་ཚོགས་ཀྱིས་1996ལོར་འགོ་བཙུགས་པ་དང་། 2016ལོར་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས་གཙོ་གཉེར་བྱས་པའི་སྲོལ་རྒྱུན་གྱི་དམངས་ཡོངས་ལུས་སྦྱོང་སྤུས་རྟགས་ཀྱི་བྱེད་སྒོར་རིམ་སྤོར་བྱས་ཡོད། ལོ་གསར་པའི་རི་འཛེག་ལུས་སྦྱོང་ཚོགས་ཆེན་དེ་མཚོ་སྔོན་དུ་ལོ་མང་བསྟུད་མར་གཉེར་སྟབས་མི་མང་པོའི་ལོ་གསར་བསུ་བའི་བྱེད་སྒོའི་གྲས་ཀྱི་མེད་དུ་མི་རུང་བའི་ཆ་ཤས་སུ་གྱུར་ཡོད།