《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月05日

ལག་རྒྱུན་ཆད་ཉེར་ཡོད་པའི་སྲོལ་རྒྱུན་གྱི་ལག་ཤེས་སྒྱུ་རྩལ་མྱུར་སྐྱོབ་བྱེད་པ།

—— སི་རི་ཡའི“ཤར་ཕྱོགས་ཀྱི་ཁྱིམ”དུ་བཅར་འདྲི་བྱས་པ།

སི་རི་ཡའི་རྒྱལ་ས་ཏ་མ་སི་ཁུའི་ལག་ཤེས་བཟོ་ཁང“ཤར་ཕྱོགས་ཀྱི་ཁྱིམ”དུ་མ་ཤིར·པུའུ་ཙུའུ་ཡི་བུས་ཏ་མ་སི་ཁུའི་ཚོན་རིས་བརྩམས་ཆོས་སྟོན་བཞིན་པ།

སི་རི་ཡའི་རྒྱལ་ས་ཏ་མ་སི་ཁུའི་ལག་ཤེས་བཟོ་ཁང“ཤར་ཕྱོགས་ཀྱི་ཁྱིམ”དུ་ལག་ཤེས་སྒྱུ་རྩལ་པ་ཞིག་གིས་སྒྲིབ་རིས་བཟོ་བཞིན་པ།

སི་རི་ཡའི་རྒྱལ་ས་ཏ་མ་སི་ཁུའི་ལག་ཤེས་བཟོ་ཁང“ཤར་ཕྱོགས་ཀྱི་ཁྱིམ”དུ་ལག་ཤེས་སྒྱུ་རྩལ་པ་གཉིས་ཀྱིས་ཚོན་རིས་གཏོང་བཞིན་པ།

ཏ་མ་སི་ཁུའི་སྨི་ཏན་ཁུལ་གྱི་གནའ་ཉམས་དོད་པའི་སྒོ་ར་ཞིག་ནང་འབྲས་ཤིང་གིས་ཁེངས་པ་དང་ཤིང་འབྲས་བྱུར་བུར་བཏགས་ལ་དམར་ལྗང་གི་ལོ་མའི་གསེབ་ནས་སྒེའུ་ཁུང་སྟེང་ཉི་འོད་འཕྲོ་བཞིན་ཁང་པའི་ནང་འཕྲུལ་ཆས་ཀྱི་སྒྲ་བར་མེད་གྲགས་བཞིན་ཡོད་ཅིང་། དེ་ག་སི་རི་ཡའི་དམངས་ཁྲོད་རྩ་འཛུགས་ཀྱིས་རོགས་རམ་བྱས་ཏེ་བསྐྲུན་པའི་ལག་ཤེས་བཟོ་ཁང“ཤར་ཕྱོགས་ཀྱི་ཁྱིམ”ཡིན་པ་དང་ཕུལ་བྱུང་བཟོ་བོ་ཁག་གཅིག་གིས་ལག་རྒྱུན་ཆད་ཉེར་ཡོད་པའི་སྲོལ་རྒྱུན་ལག་ཤེས་སྒྱུ་རྩལ་མྱུར་སྐྱོབ་བྱ་ཆེད་འབད་བརྩོན་བྱེད་བཞིན་ཡོད།

ཤིང་ཆས་བཟོ་ཁང་ནང་ལོ་62ལ་སླེབས་པའི་ཀྲ་ཁ་ལི་ཡ·ས་ཧྥེས་དགེ་ཕྲུག་ལ་ཤིང་ཆའི་ངོས་ཀྱི་མི་སྒྲིག་སྟངས་སློབ་བཞིན་ཡོད་པ་དང་ཁོང་གིས་ལག་གཅིག་གིས་ཞེང་ཚད་སྨི་ཁ་ཤས་ཡོད་པའི་པང་ལེབ་གཅིག་བཟུང་བ་དང་ལག་གཅིག་གིས་བྱང་ཆུབ་པའི་སྒོ་ནས་ཟུར་མང་དབྱིབས་ཀྱི་རི་མོ་སྤུས་དག་ཅིག་བསྒྲིགས།

ས་ཧྥེས“ཤིང་ཆས་ཀྱི་བརྩམས་ཆོས་གཅིག་བཟོ་བར་རི་མོ་བརྒྱ་ལྷག་ཙམ་དགོས་ཀྱི་ཡོད། ཤིང་ཆས་ཀྱི་ངོས་ཧ་ཅང་སྲབ་པར་བརྟེན་བཟོ་སྐབས་གཟབ་གཟབ་བྱེད་དགོས་ལ་བློ་རྩེ་གཅིག་སྒྲིམ་དང་ངང་རྒྱུད་རིང་པོ་དགོས་ཀྱི་ཡོད”ཅེས་བཤད།

ས་ཧྥེས་ཤིང་ཆས་བཟོ་བའི་ལག་རྩལ་ལ་ཉུང་མཐར་ཡང་ལོ་700ཡི་ལོ་རྒྱུས་ལྡན་ཡོད་པ་དང་དེ་ནི་སི་རི་ཡའི་ཁྱད་ཆོས་ཆེ་ཤོས་ཀྱི་གནའ་བོའི་ལག་ཤེས་བཟོ་རྩལ་ཞིག་ཡིན་པ་མ་ཟད། ཤིང་ཆས་ངོས་ལ་ཤིང་ལེབ་དང་འགྲོན་བུས་བརྒྱན་པས་ཧ་ཅང་སྤུས་ཀ་དག་པ་དང་བཟོ་རྩལ་དེ་རིགས་སྤྱད་པའི་སྒམ་ཆུང་དང་ཁྱིམ་ཆས་ལ་རྒྱལ་ཁབ་ཕྱི་ནང་གི་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། འོན་ཀྱང་དམག་འཁྲུག་གི་ཤུགས་རྐྱེན་འོག་མིག་སྔར་སི་རི་ཡར་བཟོ་རྩལ་གྱི་ལག་རྩལ་དེ་རིགས་ལྡན་པའི་བཟོ་བོ་ཇེ་ཉུང་དུ་འགྲོ་བཞིན་ཡོད་ཅེས་བཤད།

ས་ཧྥེར་ཏ་མ་སི་ཁུའི་གྲོང་འདབས་སུ་རང་བདག་གི་ལག་ཤེས་བཟོ་ཁང་ཞིག་ཡོད་མོད། བསམ་ཡུལ་ལས་འདས་པར་མེ་སྒྱོགས་ཀྱི་མདེའུ་ཕོག་ནས་མི་ཚེ་ཕྱེད་ཀའི་རིང་དཀའ་བ་སྤྱད་པའི་བྱ་གཞག་ཡུད་ཙམ་ཞིག་ནང་མེད་པར་གྱུར། དེ་རྗེས་དཀའ་བ་མང་པོ་སྤྱད་པ་བརྒྱུད་ས་ཧྥེས་དམག་འཁྲུག་ཁྲོད་སྟེས་དབང་གིས་ལུས་པའི་འཕྲུལ་ཆས་གཅིག་ཁྱེར་ནས“ཤར་ཕྱོགས་ཀྱི་ཁྱིམ”དུ་ཡོང་སྟེ་མུ་མཐུད་ཤིང་ཆས་སྒྱུ་རྩལ་གྱི་ལས་ལ་གཞོལ།

ལོ་46ལ་སླེབས་པའི་མ་ཤིར·པུའུ་ཙུའུ་ལའང་དེ་དང་འདྲ་བའི་བར་ཆད་འཕྲད་མྱོང་བ་དང་ཁོང་གི་ཏ་མ་སི་ཁུར་ཡོད་པའི་ཚོན་རིས་ཁང་ཡང་དམག་འཁྲུག་ཁྲོད་གཏོར་བརླག་ཕྱིན་མོད། འོན་ཀྱང་སྟབས་ལེགས་པ་ཞིག་ལ“ཤར་ཕྱོགས་ཀྱི་ཁྱིམ”ནས་ལས་ཀ་རྙེད་ཡོད་པ་རེད།

ལོ་40ལ་སླེབས་པའི་སྒྲིབ་རིས་སྒྱུ་རྩལ་པ་ཝ་ཧྥ·ཧ་སང་གིས་སྲོལ་རྒྱུན་ལག་ཤེས་སྒྱུ་རྩལ་གྱི་ད་ཡོད་གནས་བབ་སྐོར་གླེང་སྐབས་མྱོང་ཚོར་ཆེན་པོའི་ངང“ཟོག་གོང་མཐོ་པོ་འཕར་བའི་མདུན་དུ་བཟོ་བོ་མང་པོ་ཞིག་གིས་ལག་ཤེས་ཁོ་ནར་བརྟེན་ཚེ་ཁྱིམ་ཚང་གི་འཚོ་བ་འཕྱིད་དཀའ་བ་དང་། སྒྲིབ་རིས་གཅིག་ཟླ་བ་3ནང་གཞི་ནས་བཟོ་ཐུབ་ཀྱི་ཡོད། གལ་ཏེ་ཚོང་ལམ་འགན་ལེན་མེད་ཚེ་ཇི་ལྟར་བྱས་ཏེ་བྱ་གཞག་དེ་མཐའ་འཁྱོངས་ཐུབ་བམ”ཞེས་བཤད།

སྲོལ་རྒྱུན་ལག་ཤེས་སྒྱུ་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སི་རི་ཡའི་དམངས་ཁྲོད་རྩ་འཛུགས་ཀྱི“ཝ་ཧྥ”རིག་གནས་སྐྱོབ་རོགས་དང་འཕེལ་རྒྱས་མཐུན་ཚོགས་ཀྱིས་2018ལོ་ནས་བཟུང་རིག་གནས་ཤུལ་བཞག་སྲུང་སྐྱོབ་རྣམ་གྲངས་ལག་བསྟར་བྱེད་འགོ་བཙུགས་ཏེ་ལག་རྩལ་རྩེར་སོན་གྱི་བཟོ་བོ་ཁག་གཅིག་བསྡུ་རུབ་བྱས་ནས“ཤར་ཕྱོགས་ཀྱི་ཁྱིམ”བཙུགས་པ་རེད།

མཐུན་ཚོགས་ཀྱི་ཚོགས་གཙོ་ལི་མ་ལེ·ས་ལི་ཧེས་བཟོ་གྲྭ་དང་བཟོ་ཁང་མང་པོ་ཞིག་དམག་འཁྲུག་ཁྲོད་གཏོར་བརླག་ཕྱིན་ནས་བཟོ་བོ་མང་པོ་ཞིག་རྒྱལ་ཁབ་གཞན་དུ་བསྐྱོད་པས་སི་རི་ཡའི་ལག་ཤེས་སྒྱུ་རྩལ་ལས་རིགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། དུས་མཚུངས་ཡུལ་སྐོར་ལས་རིགས་རྒྱུན་མཐུད་ངང་ཉམས་རྒུད་ཕྱིན་པ་དེས་ཀྱང་ལག་ཤེས་སྒྱུ་རྩལ་ཐོན་རྫས་ཁྲོམ་རར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་ཅེས་བཤད། (བསོད་ནམས་བདེ་སྐྱིད་ཀྱིས་བསྒྱུར། བསོད་བདེ་དང་ཚེ་ཁོས་ཞུས)