《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月02日

ཕྱི་འབྲེལ་པུས་ཤིན་ཅང་དང་བོད་དང་འབྲེལ་བའི་ཨ་རི་ཕྱོགས་ཀྱི་གཏམ་བརྗོད་ལ་དགག་ལན་བརྒྱབ་དོན།

རྟག་ཏུ་རྒྱལ་ཁབ་གཞན་གྱི་ནང་ཁུལ་ལས་དོན་ལ་ཐེ་ཇུས་བྱེད་རྒྱུ་མེད།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་ཟླ་12ཚེས་30ཉིན་བརྗོད་དོན། ཨ་རི་ཕྱོགས་ཀྱིས་ཉེ་ཆར་སྤེལ་བའི་ཤིན་ཅིང་དང་བོད་དང་འབྲེལ་བའི་གཏམ་བརྗོད་ནི་རྦད་དེ་ངན་སྨྲས་དཀྲོག་གཏམ་རང་རེད། ཨ་རི་ཕྱོགས་ཀྱིས་རང་ཉིད་ཀྱི་ལས་དོན་ལ་དོ་དམ་ཡག་པོ་བྱེད་པ་ལས་རྟག་ཏུ་རྒྱལ་ཁབ་གཞན་གྱི་ནང་ཁུལ་ལས་དོན་ལ་ཐེ་ཇུས་བྱེད་རྒྱུ་མེད་པའི་ཁ་ཏ་བྱ་རྒྱུ་ཡིན།

དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག གསར་འགོད་པ་ཞིག་གིས་དྲིས་དོན། ཟླ་12ཚེས་29ཉིན་ཨ་རིའི་རྒྱལ་དོན་བློན་ཆེན་ཧྥུང་ཕེ་ཨའོ་ཡིས་ཐུའེ་ཐེ་དཔོད་ཕྲན་ཐོག་སྤེལ་དོན། བོད་ནས་ཤིན་ཅང་དུ་སྤེལ་བའི་ཀྲུང་གུང་གི་དྲག་གནོན་ལས་འགུལ་ནི་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་བ་ཞིག་མིན་པར་དེ་ནི་རང་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱི་དད་པ་དང་རིག་གནས་མེད་པ་བཟོ་རྩིས་བྱས་པ་ཞིག་རེད། ཨ་རིའི་རྒྱལ་དོན་ཁང་གིས་ཀྱང་དེ་ཉིན་དེ་དང་འདྲ་བའི་རྩོམ་ཡིག་སྤེལ་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་གཏམ་ལན་གང་ཞིག་སློག་རྩིས་ཡོད་དམ།

ཀེང་ཧྲོང་གིས་བརྗོད་དོན། ཨ་རི་ཕྱོགས་ཀྱི་གཏམ་བརྗོད་ནི་རྦད་དེ་ངན་སྨྲས་དཀྲོག་གཏམ་རང་ཡིན་པ་དང་། དེ་དོན་དངོས་དང་ཡོངས་སུ་མི་འཚམ་པ་མ་ཟད། ཀུན་སློང་ཡང་ཧ་ཅང་ངན་པ་ཞིག་ཡིན། ཀྲུང་གོ་ཕྱོགས་ནས་གནད་དོན་དེར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན།

ཀེང་ཧྲོང་གིས་བརྗོད་དོན། མིག་སྔར། ཤིན་ཅང་གི་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་ཕྱིན་པ་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་བྱུང་བ། དམངས་འཚོ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ། རིག་གནས་ལ་སྔར་བྱུང་མྱོང་མེད་པའི་དར་རྒྱས་བྱུང་བ། ཆོས་ལུགས་འཆམ་མཐུན་དང་ལམ་ལྷོངས་བཅས་ཡོད། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ཡུ་གུར་རིགས་ཀྱི་མི་འབོར་ཁྲི་1165བར་འཕར་ཡོད་པ་དེས་རང་སྐྱོང་ལྗོངས་ཀྱི་མི་འབོར་གྱི་སྤྱིའི་46.8%ཟིན་ཡོད། ཤིན་ཅང་དུ་དབྱི་སི་ལམ་ཕྱག་ཁང་ཁྲི་2.4ཡོད་པ་དང་། ཆ་སྙོམས་བྱས་ན་མུའུ་སི་ལིན་བ་530རེར་དབྱི་སི་ལམ་ཕྱག་ཁང་རེ་ཡོད།

ཀེང་ཧྲོང་གིས་བརྗོད་དོན། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་60ལྷག་ཙམ་སོང་རིང་དཔལ་འབྱོར་འཕེལ་རྒྱས་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་བྱུང་བ་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་། རིག་གནས་སྲོལ་རྒྱུན་སྲུང་སྐྱོང་དང་དར་སྤེལ་བཅས་བྱུང་ཡོད། བོད་ཡིག་དེ་རྒྱལ་སྤྱིའི་ཚད་གཞི་ལྡན་པའི་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཡི་གེ་ཨང་དང་པོར་གྱུར་ཡོད། བོད་ལ་ད་ཆ་རིགས་ཁག་གི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ཁག་1700ལྷག་ཙམ་དང་དགོན་སྡེར་ཡོད་པའི་གྲྭ་བཙུན་ཁྲི་4.6ལྷག་ཙམ་ཡོད། ལོ་ལྟར་ལྷ་སར་མཆོད་མཇལ་དུ་ཡོང་མཁན་ཆོས་དད་མང་ཚོགས་མི་ཐེངས་ཁྲི་བརྒྱ་ཟིན་གྱི་ཡོད།

“ཨ་རི་ཕྱོགས་ཀྱིས་དོན་དངོས་སྣང་མེད་དུ་བཏང་ནས། དཀྲོག་གཏམ་ཡང་ནས་བསྐྱར་དུ་ཤོད་པ་ནི་རང་ཉིད་ལ་ཀུན་སྤྱོད་དང་། ཡིད་རྟོན། གཟུགས་བརྙན་བཅས་ཀྱི་བུ་ལོན་ཡང་ནས་ཡང་དུ་ཟུག་པ་རང་རེད། ཀྲུང་གོའི་ཤིན་ཅང་དང་བོད་ཀྱི་ཆབ་སྲིད་བརྟན་ལྷིང་དང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་ཞི་མཐུན་བཅས་ཀྱི་དོན་དངོས་ནི་ཨ་རི་ཕྱོགས་ཀྱི་ངན་སྨྲས་དང་ནག་མེད་ཉེས་འགེལ་གྱི་གཏམ་བརྗོད་ལ་རྒོལ་ལན་ཤུགས་དྲག་ཆེ་ཤོས་སློག་པ་རང་རེད”ཅེས་ཀེང་ཧྲོང་གིས་བརྗོད།

ཀེང་ཧྲོང་གིས་བསྟན་དོན། ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་དང་། 《དེང་གི་ཨ་རིའི་ཚགས་པར》 ཨ་རིའི་བྱང་ཤར་སློབ་ཆེན་བཅས་ཀྱིས་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པའི་གྲངས་གཞིར་གཞིགས་ན། 2019ལོར་ཨ་རིར་མི་4ཡན་ཤི་བའི་གཞི་ཁྱོན་ཆེ་བའི་དམར་གསོད་དོན་རྐྱེན་ཁག་41ཐོན་པའི་ནང་ཁག་33ནི་གཞི་ཁྱོན་ཆེ་བའི་མེ་མདའ་རྒྱག་པའི་དོན་རྐྱེན་ཡིན་པ་དང་། བསྡོམས་མི་211ཤི་བས་དུས་རབས་གོང་མའི་ལོ་རབས་70ཚུན་གྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད། 2019ལོ་ཧྲིལ་པོར་ཨ་རི་དང་མེ་མདའ་དང་འབྲེལ་བའི་གྱོད་གཞིའི་ནང་བསྡོམས་མི་ཁྲི་1.48ཀྱི་ཚེ་སྲོག་ཤོར་ཡོད། སློབ་གྲྭའི་ནང་མེ་མདའ་བརྒྱབ་ནས་མི་བསད་པའི་གྱོད་གཞི་དང་སྤྱི་པའི་འདུ་འཛོམས་ཁུལ་དུ་མེ་མདའ་བརྒྱབ་ནས་མི་བསད་པའི་གྱོད་གཞི་སོགས་གཞི་ཁྱོན་ཆེ་བའི་གཏུམ་སྤྱོད་དོན་རྐྱེན་ཡང་སེ་ཐོན་ནས། ཨ་རིའི་དམངས་ཚོགས་དཀྱུས་མ་རྣམས་མེ་མདའི་གཏུམ་སྤྱོད་ཀྱི་འཇིགས་སྣང་ཁྲོད་འཚོ་བ་ཡུན་རིང་སྐྱེལ་དགོས་འཁེལ་ཡོད།

“ང་ཚོས་ཨ་རི་ཕྱོགས་ནས་མུ་མཐུད་རང་ཉིད་ཀྱི་ལས་དོན་ལ་དོ་དམ་ཡག་པོ་བྱེད་པ་དང་། རང་ཉིད་ལ་ཡུན་རིང་ཕོག་པའི་གཅོང་ནད་སེལ་རྒྱུར་སྣང་འཇོག་བྱས་ཚེ། མ་མཐར་ཡང་རང་རྒྱལ་ཁབ་ཀྱི་མི་དམངས་རྣམས‘འཇིགས་སྣང་མེད་པའི་རང་དབང’ལོངས་སུ་སྤྱོད་རྒྱུའི་འགན་ལེན་བྱེད་ཐུབ། དེ་ལས་ལྡོག་སྟེ་རྟག་ཏུ་ལག་རིང་བརྐྱངས་ནས་རྒྱལ་ཁབ་གཞན་གྱི་ནང་ཁུལ་ལས་དོན་ལ་ཐེ་ཇུས་བྱ་རྒྱུ་མེད་པའི་ཁ་ཏ་བྱ་རྒྱུ་ཡིན། ངས་ཁོ་པ་ཚོར་དྲན་སྐུལ་བྱེད་རྒྱུར། ལག་རིང་བརྐྱངས་དྲགས་ན། རྐེད་པ་འཆུས་ཉེན་ཆེ”ཞེས་ཀེང་ཧྲོང་གིས་བརྗོད།

(དོན་གྲུབ་ཀྱིས་བསྒྱུར། དོན་གྲུབ་དང་དབང་སྒྲོལ་སྐྱིད་ཀྱིས་ཞུས)