《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月30日

བོད་ཀྱི་ཚན་རྩལ་གོང་དུ་འཕེལ། སྤྱི་ཚོགས་བྱ་གཞག་དབྱར་མཚོ་རྒྱས།

ཚན་རྩལ་ལས་ཚན་རིག་ཁྱབ་གདལ་དེ་བས་གསོན་ཉམས་དོད་པོར་གྱུར་པ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔའི་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་གསར་སྒྱུར་ལ་ཟམ་མི་ཆད་པར་སྐུལ་འདེད་བཏང་སྟེ་ཚན་རྩལ་དེ་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས། སྣོད་བཅུད་བཅས་དང་མཉམ་འདྲེས་འཕེལ་རྒྱས་ཆེན་པོ་བྱུང་ནས་མིའི་རིགས་ཀྱི་འཕེལ་རྒྱས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད། ཚན་རྩལ་གོང་འཕེལ་ལས་བོད་ཀྱི་མི་དམངས་ཀྱི་འཚོ་བར་ཡང་འགྱུར་ལྡོག་གསར་པ་བྱུང་ཡོད།

“བོད་ལྗོངས་སྐར་མའི་གོ་ལའི”གནམ་དཔྱད་ཚན་རིག་ཁྱབ་གདལ་ཉམས་ལེན་ཁང་ནི་བོད་ཀྱི་གནམ་དཔྱད་བརྗོད་དོན་གཙོ་བོར་བྱས་པའི་ཚན་རིག་ཁྱབ་གདལ་ཁང་དང་པོ་དེ་ཡིན་ལ། མིག་སྔར་རྒྱལ་ཡོངས་འགྲེམས་ཁང་ཁྲོད་ཀྱི་རྒྱ་ཁྱོན་ཆེ་ཤོས་ཀྱི་སྤེལ་རེས་ཉམས་ལེན་ཁང་ཡང་ཡིན། ཁང་དེས་འཇིག་རྟེན་ཁམས་ཤེས་ཚོར་དང་། འཇིག་རྟེན་ཁམས་ཤེས་རྟོགས། འཇིག་རྟེན་ཁམས་འཚོལ་ཞིབ་བཅས་བརྗོད་དོན་གཙོ་བོར་བྱས་ཤིང་། སྤེལ་རེས་རྣམ་པའི་འཕྲོ་བརྙན་དང་VRསོགས་ཚན་རྩལ་འདུས་ཚད་མཐོ་བའི་འགྲེམས་སྟོན་རྣམ་གྲངས་50ལྷག་ཙམ་བརྟེན་ནས་དཔོག་དཀའ་བའི་བར་སྣང་མངོན་པ་དང་འཇིག་རྟེན་ཁམས་ཀྱི་ལྐོག་གྱུར་གྱི་བཀོད་པ་གསལ་སྟོན་བྱས་པས། ལྟ་སྐོར་བས་གནམ་དཔྱད་ཉམས་ལེན་ཁང་ནས་བར་སྣང་དང་ཉེ་བཅར་བྱས་ཏེ་འཇིག་རྟེན་ཁམས་ལ་འཚོལ་ཞིབ་བྱེད་པའི་ལམ་དུ་ཞུགས་ཐུབ་ཅེས་བརྗོད་ཀྱང་ཆོག

གཞན་ཡང་། “བོད་ལྗོངས་སྐར་མའི་གོ་ལའི”གནམ་དཔྱད་ཚན་རིག་ཁྱབ་གདལ་ཉམས་ལེན་ཁང་གིས་ཚོང་གཉེར་ལ་བརྟེན་ནས་ཡུལ་སྐོར་དང་། སློབ་གསོ། རིག་གཏོད། སིལ་འཚོང་བཟའ་བཏུང་། སྤྲོ་གསེང་རོལ་རྩེད། རིགས་བརྒལ་མཉམ་ལས་སོགས་ཀྱི་ལས་རྣམ་ཇུས་འགོད་བྱས་ཡོད།

ཚན་རྩལ་ལས་སྨན་པ་བསྟེན་རྒྱུ་དེ་བས་སྟབས་བདེར་ཕྱིན་པ།

ནད་གཞི་བརྟག་དཔྱད་ཀྱི་ལས་ཆོད་ཆེ་རུ་གཏོང་བ་དང་གནས་བཟོད་བདེ་ལ་སྟབས་བདེ་བའི་སྨན་བསྟེན་ཁོར་ཡུག་གཏོད་ཆེད། ཉེ་ཆར། རིག་ནུས་ནད་བརྟག་ཁྲིད་སྟོན་འཕྲུལ་མི“ཞའོ་དབྱི”ཡིས་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་སྒོ་བསྟེན་སྨན་ཁང་གི་ཐོག་སོ་དང་པོ་དང་གཉིས་པའི་ཚོམས་ཆེན་དུ་དངོས་སུ་ལས་ཀ་བྱེད་འགོ་ཚུགས་ནས་ནད་པར་སྨན་པ་འཚོལ་བ་དང་། ལམ་འདྲི་བ། ཚན་ཁག་གནས་ཡུལ་ཕྱོགས་སྟོན། སྨན་བཅོས་བདེ་ཐང་ཆ་འཕྲིན་བློ་འདྲི་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ནས་ནད་པས་རིག་ནུས་སྨན་བཅོས་མྱོང་ཚོར་ཐུབ་ཡོད། དེའང་བོད་ཀྱིས་རིག་ནུས་ནད་བརྟག་ཁྲིད་སྟོན་འཕྲུལ་མི་ཚོད་སྤྱོད་བྱེད་ཐེངས་དང་པོ་དེ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རིག་ནུས་ནད་བརྟག་ཁྲིད་སྟོན་འཕྲུལ་མི“ཞའོ་དབྱི”ལ་མི་དང་འཕྲུལ་འཁོར་དབར་རིག་ནུས་སྤེལ་རེས་བྱེད་པའི་ལག་རྩལ་སྤྱད་པ་དང་སྐད་ཆ་འདྲི་བ་སོགས་ཀྱི་བྱེད་སྟངས་ཐོག་ནས་ཕན་ཚུན་སྤེལ་རེས་བྱེད་ཆོག དེ་ལྟར་བྱས་པ་བརྒྱུད་གཅིག་ནས་བང་བསྒྲིགས་ནས་བློ་འདྲི་བྱེད་པའི་དུས་ཚོད་ཐུང་དུ་ཕྱིན་པ་དང་། གཉིས་ནས་ནད་བརྟག་ཁྲིད་སྟོན་མི་སྣའི་ལས་འབོར་ཉུང་དུ་བཏང་ནས་ནད་པས་སྨན་པ་བསྟེན་པའི་མྱོང་ཚོར་ལེགས་སུ་བཏང་བ་དང་། ལས་གནས་ལེགས་གཏོང་དང་ལས་ཆོད་ཆེར་གཏོང་ལ་དེ་བས་ཕན་པ་རེད།

ཚན་རྩལ་ལས་ཁྲིམས་འཛིན་དེ་བས་ནུས་ལྡན་དུ་སོང་བ།

ཉེ་ཆར། བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱིས་བོད་ཀྱི་སྣོད་བཅུད་སྲུང་སྐྱོང་གི་མི་མེད་གནམ་གྲུའི་སྐོར་བཤེར་རུ་ཁག་དང་པོ་བཙུགས་པ་དང་འབྲེལ། དངོས་སུ་ལས་འགན་སྒྲུབ་འགོ་ཚུགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི་སྣོད་བཅུད་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་སོགས་ཁྱབ་ཁོངས་ཀྱི་སྤྱི་ཕན་གཏུག་བཤེར་གྱོད་གཞི་མང་ཆེ་བ་ཁྲིམས་འགལ་ས་བཟུང་དང་། ཁྲིམས་འགལ་གཏེར་འདོན། ནགས་ར་གཏོར་བཤིག་སོགས་དང་འབྲེལ་བ་ཡོད། གྱོད་གཞི་དེ་དག་སྨི་ངོས་གྲུ་ཁྲི་སྟོང་གི་ས་ཆ་དང་འབྲེལ་བ་ཡོད་ལ། དཔང་ལེན་བྱ་ཡུལ་གྱི་རྒྱ་ཁྱོན་ཆེ་ལ་བོངས་ཚད་ཆེ་བས་སྲོལ་རྒྱུན་གྱི་པར་ལེན་བྱེད་སྟངས་ཀྱིས་སྤྱི་ཕན་གཏུག་བཤེར་དཔང་ལེན་གྱི་དགོས་མཁོ་སྐོང་ཐུབ་ཀྱི་མེད། མི་མེད་གནམ་གྲུས་ས་དབྱིབས་དང་གནམ་གཤིས་ཀྱི་ཚོད་འཛིན་ཁྱད་བསད་ཐུབ་ནས་དེ་བས་ཐད་ཀར་དང་ཕྱོགས་ཡོངས་ནས་སྣོད་བཅུད་ཁོར་ཡུག་ལྟ་ཞིབ་ཚད་ལེན་དང་ཆ་འཕྲིན་བསྡུ་ལེན་བྱེད་ཐུབ་པས། བོད་ཀྱི་སྔོ་ཞིང་དྭངས་པའི་རི་ཆུ་དེ་བས་སྲུང་སྐྱོང་ཡག་པོ་བྱ་རྒྱུར་ཕན་པ་རེད།

ཚན་རྩལ་ཡར་ཐོན་ལས་བྱུང་བའི་འཚོ་བར་འགྱུར་ལྡོག་ཀུན་གྱིས་མཐོང་གསལ་རེད། མཐོ་གསར་ཚན་རྩལ་གྱི་འདེགས་སྐྱོར་ཡོད་པའི་དབང་གིས་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཡང་རིམ་བཞིན་སྐོང་ཐུབ།