《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月19日

《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རུལ་རྒོལ་སྤྱི་ཆིངས》འཇོག་མཁན་རྒྱལ་ཁབ་ཀྱི་ཚོགས་འདུ་སྐབས་བརྒྱད་པ་ཨབ་ཀྲ་པེར་འགོ་ཚུགས་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨབ་ཀྲ་པེ་ནས་ཟླ་12ཚེས་17ཉིན་གློག་འཕྲིན་འབྱོར་གསལ། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རུལ་རྒོལ་སྤྱི་ཆིངས》འཇོག་མཁན་རྒྱལ་ཁབ་ཀྱི་ཚོགས་འདུ་སྐབས་བརྒྱད་པ་ཚེས་16ཉིན་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་ས་ཨབ་ཀྲ་པེར་འགོ་ཚུགས་ཤིང་། ཚོགས་འདུའི་ཐོག་རུལ་སུངས་སྔོན་འགོག་དང་རྡུང་རྡེག་ལ་ཤུགས་སྣོན་བརྒྱབ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དམིགས་ཚད་མངོན་འགྱུར་བྱ་རྒྱུའི་འབོད་སྐུལ་བྱས་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སི་ཡིས་ཚོགས་འདུར་སྤྲིངས་པའི་ཕྱག་ཡིག་ནང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་མཐུན་སྒྲིལ་བྱས་ཏེ་རུལ་སུངས་ལ་རྡུང་རྡེག་བཏང་ནས་ཁྲིམས་འགལ་གྱི་མ་དངུལ་འཁོར་རྒྱུག་བྱས་པ་ལས་ཐོན་པའི་ཐོན་ཁུངས་ཤོར་བའི་གནས་ཚུལ་གཏན་འགོག་བྱེད་དགོས་ཞེས་འཁོད་ཡོད་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་དུག་རྫས་དང་ཉེས་གསོག་གནད་དོན་གཞུང་དོན་ཁང་གི་ལག་བསྟར་ཀྲུའུ་རེན་ཧྥེ་ཏོ་ཐོ་ཕུའུ་ཡི་གཏམ་བཤད་ནང་། རུལ་སུངས་མཆེད་པའི་ཉེས་གསོག་དང་གནད་དོན་གཞན་དག་ནི“ང་ཚོར་འཕྲད་པའི་གནད་དོན་ཚབས་ཆེན་ཁག་གཅིག་ལ་སྐུལ་འདེད་གཏོང་མཁན་ལྟ་བུ་རེད” རུལ་སུངས་སྔོན་འགོག་དང་གཏན་འགོག་བྱས་ཚེ། རུལ་སུངས་ལས་བྱུང་བའི་བརྟན་ལྷིང་མེད་པའི་གནས་ཚུལ་མི་ཐོན་པ་བྱེད་ཐུབ་ལ། དགོས་ངེས་ཡིན་པའི་སྤྱི་དམངས་ཀྱི་ཡིད་ཆེས་ཀྱང་སླར་གསོ་བྱེད་ཐུབ་ཅེས་བརྗོད་པ་རེད།

《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རུལ་རྒོལ་སྤྱི་ཆིངས》འཇོག་མཁན་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་སོགས་ཀྱི་སྐུ་ཚབ་1300ལྷག་ཙམ་ཚོགས་འདུར་ཞུགས་པ་དང་། ཀྲུང་གོ་ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་ལོ་ཀྲའོ་ཧུའེ་ཡིས་ཀྲུང་གོའི་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཚོགས་འདུར་ཞུགས་པ་དང་འབྲེལ། ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་གསལ་བཤད་ཀྱང་བྱས་པ་རེད།

ལོ་ཀྲའོ་ཧུའེ་ཡིས། ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་ཟིལ་རླབས་དགུང་འཕྱུར་གྱི་རུལ་རྒོལ་འཐབ་རྩོད་རྒྱུན་མཐུད་ངང་སྤེལ་ནས་བྱུང་བའི་ཕན་འབྲས་ལ་སྐྱེ་བོ་ཀུན་གྱི་ཁས་ལེན་ཐོབ་པ་དང་དེས་གོ་ལ་ཧྲིལ་པོའི་རུལ་རྒོལ་བྱ་གཞག་ཆེན་པོའི་ཁྲོད་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་ཐོན་བཞིན་ཡོད། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་འགྱུར་རྒྱུར་དམིགས་ཏེ་ལྟ་སྐུལ་མ་ལག་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུར་བཀོད་སྒྲིག་གསར་པ་བྱས་ནས། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བའི་ཕུགས་ཕན་ལམ་སྲོལ་བཏོད་དེ་རུལ་རྒོལ་གྱི་གོམ་སྟབས་མི་འགྱུར་བ་དང་ཤུགས་ཚད་མི་ཆག་པ་བྱས་ཡོད་ཅེས་བརྗོད་པ་རེད།

《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རུལ་རྒོལ་སྤྱི་ཆིངས》ནི་རུལ་རྒོལ་ཁྱབ་ཁོངས་ནང་དབང་གྲགས་དང་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་བཅའ་ཁྲིམས་ཡིག་ཆ་ཞིག་ཡིན་པ་དང་2005ལོའི་ཟླ་12ཚེས་14ཉིན་ནས་ལག་བསྟར་བྱེད་འགོ་ཚུགས་ཤིང་། མིག་སྔར་སྤྱི་ཆིངས་འཇོག་མཁན་རྒྱལ་ཁབ་186ཡོད། སྐབས་འདིའི་ཚོགས་འདུ་དུས་ཡུན་ཉིན་ལྔ་ཡིན་པ་དང་ཚོགས་འདུའི་ཐོག་སྤྱི་ཆིངས་ལག་བསྟར་དང་། རྒྱུ་ནོར་འདེད་ལེན། རྒྱལ་སྤྱིའི་མཉམ་ལས། རུལ་སུངས་སྔོན་འགོག་སོགས་རུལ་རྒོལ་ཁྱབ་ཁོངས་སུ་དོ་སྣང་བྱེད་པའི་གྲོས་གཞིར་གཙོ་གནད་ཐོག་གྲོས་བསྡུར་བྱ་རྒྱུ་རེད།